ཚོགས།
རིག་རྡོར།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17
གཤིས་ཚུལ་ངང་མོའི་སྒྲོ་ལ་འཇབ།།
གཡེར་རྐང་ལས་ཀྱི་ཚབ་ཏུ་བརྐོས།།
ནམ་མཁའ་རྡུལ་གྱི་མེ་ལོང་ཡིན།།
སེམས་པའི་སྨུག་པ་རྒྱང་ལ་བྲན།།
བྱ་ཕོ་སྨྱོ་ཧམ་འདོད་པས་བཟི།།
བྱ་མོའི་རང་བཞིན་བྲག་ལ་བརྡབ།།
བྲག་གི་ས་བཅད་སྟོང་བར་བཏང་།།
བྲག་རིའི་འདབ་མར་མེ་ཏོག་སྐྱེས།།
མེ་ཏོག་བག་མའི་རྫོངས་པ་བྱས།།
བག་མ་ལས་ཀྱི་བསོད་ནམས་འཕེལ།།
ཕ་གིའི་སྤང་དང་མ་གིའི་ཆུ།།
འཛོམས་པ་བ་ལུང་ཕུགས་ནས་འཛོམས།།
མི་དང་ལྷ་ཡིན་གང་ཡང་ཆོག །
འབྲུག་མོའི་ཇ་སྒམ་བཀང་བས་ཆོག །
རྒྱ་ཚའི་སྤུ་གྲི་བརྡར་བས་ཆོག །
ཨ་ཅག་ནམ་མཁའི་ལྷ་མོ་ཡིན།།
ལྷ་མོ་གོས་ཐང་དཀར་མོ་ཡིན།།
ལྷ་ཚོགས་དབུས་ཀྱི་སྒེག་མོ་ཡིན།།
ཚེ་རབས་ལས་ཀྱི་མེ་ལོང་རེད།།
རྡུལ་གྱི་ཚོགས་དང་བྱེ་མའི་ཐང་།།
རས་ཀྱི་གོས་དང་སྣམ་བུའི་ཐག །
མ་བཅོས་རང་གི་ཐོན་ལས་དག །
ཨ་ཅེ་ལྷ་མོའི་རྫུ་འཕྲུལ་ཡིན།།
མི་མིན་འབྱུང་བའི་ལྟེ་བ་བརྒྱུད།།
མི་ཡི་གཙུག་ཏོར་ལྷ་མོ་ཁྱེད།།
ས་གཞི་བརྩེ་བས་བརླན་གྱུར་ཅིག །