ཕ་ཨ་ཁུ་རྒས་རྒས་སྡོང་རྒས་ཡིན།།
སྡོང་རྒས་རུང་སྡོང་ལོ་སྔོན་པོ་ཡིན།།
—ཨ་མདོའི་དམངས་གླུ།
དཔེ་བཞག་ན ཁྱེད་ནི་སྡོང་རྒན་ཞིག་སྟེ
ཡལ་ག་སྐམ་ཐེངས་བརྒྱད་ཅུ་དང་རྒྱས་ཐེངས་བརྒྱད་ཅུ་བྱས་མྱོང་བའི
འདབ་ལོ་ལྷུང་ཐེངས་བརྒྱད་ཅུ་དང་འབུས་ཐེངས་བརྒྱད་ཅུ་བྱས་མྱོང་བའི
སྡོང་རྒན་ཚེ་རིང་ལོ་བརྒྱའོ སྡོང་རྒན་བཀྲ་ཤིས་གཡང་ཆགས་སོ
“གསར་བརྗེའི”རླུང་དམར་ཁྲོད་ནས་ཀྱང་འགྱུར་མ་མྱོང་བའི་ཡལ་འདབ
ད་དུང་ཡང་ལྗང་ནེམ་མེ ད་དུང་ཡང་སྨུག་ཤིག་གེ
“ཤོག་བུའི་ཞྭ་མོའི”འོག་ནས་ཀྱང་ཡོ་མ་མྱོང་བའི་གཞུང་རྟ
ད་དུང་ཡང་དྲང་ཤ་ལེ ད་དུང་ཡང་བརྗིད་བརླིང་ངེ
ཤུན་པགས་རྨ་ཁས་གཡོགས་ཀྱང་ནང་སྙིང་སྲིན་འབུས་མ་འཁྱེར
གཟུགས་པོ་ལྷགས་པས་སྐྱོམ་ཡང་རྩ་བར་གས་ཁ་མ་ཤོར
དཔེ་བཞག་ན ཁྱེད་ནི་སྡོང་རྒན་ཞིག་གོ
དཔེ་བཞག་ན ཁྱེད་ནི་སྡོང་རྒན་ཞིག་སྟེ
ཁོ་བོ་འདབ་ལོ་ནང་བཞིན་གྱེས་ས་དང་འཕུར་ས
བྱིའུ་ནང་བཞིན་ལོག་ས་དང་འབབ་ས་དེའོ ཡང་ན
ཁོ་བོ་ཚེ་གཅིག་ལུས་གཅིག་ལ་ལས་འབྲས་ཀྱིས་འཕུར་ཐུབ་དོན་དང
ཚེ་གཅིག་ལུས་གཅིག་ལ་དྲང་ཚུགས་ཀྱིས་འབབ་ཐུབ་དོན་དེའོ
སྡོང་རྒན་ཚེ་རིང་ལོ་བརྒྱ སྡོང་རྒན་བཀྲ་ཤིས་གཡང་ཆགས
ད་ནི་ཁྱེད་ཀྱི་འདབ་ལོའམ་བྱིའུ་ཁེར་འཁྱར་དེ
ཕ་ངོ་མ་ངོ་ཟིན་ནས་ཡིག་ངོ་རང་ངོ་ཟིན་ནས་ལོག་བསླེབས་ཡོད
འདབ་གཤོག་ལེབ་མོའི་ངོས་ན ཁྱེད་ཀྱི་གསེར་ཡིག་རང་གསལ་ཡོད
འདབ་གཤོག་ལེབ་མོའི་ནང་ན ཁྱེད་ཀྱི་རུས་པ་རང་གྲུབ་ཡོད
འཕུར་ལམ་ནོར་མྱོང་མེད འཕུར་སྟངས་འགྱུར་མྱོང་མེད
དཔེ་བཞག་ན ཁྱེད་ནི་སྡོང་རྒན་ཞིག་གོ
2018.2.18 ཉིན་སྡོང་བོ་ཁེར་མོ་གཞུང་ནས།