ལག་པ་ཡར་བཀྱགས་ཏེ་གཡབ་མོ་ཞིག་ཀྱང་བྱེད་མ་ཐུབ།
བསོད་ནམས་རྡོ་རྗེ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཉིན་འདི་དག་ལ ཁྱོད་ཕ་ཡུལ་དུ་ལོག་གམ
ཕ་ཡུལ་དུ་སིལ་སྡོང་གི་མེ་ཏོག་རྣམ་པར་བཞད་འདུག་ཟེར
ནམ་ཟླ་སོས་ཀར་སླེབས་པས
ཕ་ཡུལ་གྱི་སྲང་ལམ་ཀུན་ཏུ་རླུང་ལྡང་མགོ་བརྩམས་ཤིང
སིལ་སྡོང་གི་མེ་ཏོག་གྲངས་མེད དགུན་གྱི་ཁ་བ་བཞིན
བྱིས་པ་ཚོའི་རྩེད་རའི་ནང་དུ་འཐོར་གྱིན་འདུག་ཟེར
ཁྱོད་ཀྱི་བུ་མོ་དང ང་ཡི་བུ་ཆུང
ད་དུང་ཁོ་གཉིས་ཀྱི་རྩེད་གྲོགས་རྣམས་ཀྱིས
ས་ནས་མེ་ཏོག་གི་འདབ་མ་རེ་རེ་བཞིན་བཏུས་ནས
ངོ་མནོང་བཞིན འཛུམ་སྟོན་བཞིན
ཕན་ཚུན་ལ་སྐྱེས་སུ་ཕུལ་ཞིང་རྟེན་དུ་ཉར་བཞིན་འདུག་ཟེར
འུ་གཉིས་ཀྱི་བྱིས་པ ད་ནི་ལོ་བཞི་ལ་བུད་ཟིན
འུ་གཉིས་ཁ་བྲལ་ནས་ཀྱང་ཏག་ཏག་ལོ་བརྒྱད་འགོར་སོང
རྗེས་མའི་ལོ་བཞི་ནི་བསྐྱུར་ཞོག སྔ་མའི་ལོ་བཞིའི་རིང་ལ
ཁྱོད་ཀྱིས་ང་ལ་བསྒུགས་པ་ཡིན་ཟེར ངས་ཀྱང་ཁྱོད་ལ་བསྒུགས་པ་ཡིན
ལོ་དེ་དག་ལ རྒྱ་ལམ་ཁོད་ཡངས་ཤིག་གི་ཕར་ཚུར་ནས
འུ་གཉིས་ཀྲོང་ངེར་འགྲེང་ཞིང་ཕན་ཚུན་ལ་ཅེར་ནས་དེ་ལྟར་ལུས་སོང
མི་ལོ་བཞིའི་རིང་ལ ཁྱོད་ཀྱིས་ང་ལ་འཛུམ་ཆུང་ཞིག་ཀྱང་མ་བསྟན
ངས་ཀྱང་ལག་པ་ཡར་བཀྱགས་ཏེ་ཁྱོད་ལ་གཡབ་མོ་ཞིག་ཀྱང་བྱེད་མ་ཐུབ
ལག་པ་ཡར་བཀྱགས་ཏེ་ཁྱོད་ལ་གཡབ་མོ་ཞིག་ཀྱང་བྱེད་མ་ཐུབ
སྤྱི་ལོ༢༠༡༨ལོའི་ཟླ༣པའི་ཚེས༢༠ཉིན་གྱི་ཞོགས་པར།