གྲིབ་མ་རློན་པ།(ཞར་བཀོད་གཉིས)
གཅན་མེ་སྟག(མགོ་ལོག)
ཁོ་ཚོས་རང་གི་གྲིབ་མ་ལས་བར་མེད་དུ་ཆུ་བཙིར་འོང
ཁོ་ཚོའི་གྲིབ་མ་ཇེ་སྐམ་ནས་ཇེ་སྐམ་དུ་གྱུར
ཁོ་ཚོས་ཕ་ལམ་ལྟ་བུའི་མིག་ཟུང་གིས་ནམ་ཡང་རང་གི་གྲིབ་མར་བལྟས་འདུག
ཁོ་ཚོས་རང་གི་གྲིབ་མའི་ཁྲོད་ཀྱི་རླན་གཤེར་དེ་མཐོང་གིན་ཡོད་དམ
རླན་གཤེར་དེ་དག་རིམ་གྱིས་ཟིལ་བ་རུ་གྱུར བ་མོ་རུ་གྱུར
དགུན་གྱི་ཞོགས་པ་འདིར གྲིབ་མ་དེ་དག་བ་མོའི་ཁྲོད་དུ་སག་སག་འགྲོ
གྲང་རེག་ཅིག་རྐང་མཐིལ་ནས་རྒྱུགས་འོང་སྟེ
ང་ཡི་བྲང་གཞོང་དུ་ཟུག་དུས ད་གཟོད་ང་རང་གི་གྲིབ་མ་དེའང་འདར་སིག་སིག་བྱས་སོང་བ་དྲན
འཆི་བར་འཇིགས་པ་མི་སྐྱེས་གི
འཆི་བ་ཇེ་ཉེ་ནས་ཇེ་ཉེ་ཡིན་པ་ངས་ཤེས་ཡོད
ཡིན་ནའང ང་སྐྱོ་ཁོམ་མི་འདུག
ས་སྒང་འདིའི་གྲུ་ལོགས་ཤིག་ན
ངས་རང་ཉིད་ཀྱི་ཉི་འོད་སྲུང་བཞིན་ཡོད
རི་རྩེ་རུ་ཁ་བ་སྲབ་བུ་ཞིག་ལས་མེད་ནའང
ངས་དེ་ནི་ཕ་ལམ་ལྟ་བུའི་མཛེས་སྡུག་ཅིག་ཏུ
བསྒོམས་ཡོད
སོང་ས་བསྡད་ས་ན
འགུལ་ཙམ་འགུལ་ཙམ་གྱིས
ངའི་རྒྱབ་ཏུ་འབྲངས་འོང་བ་ནི་འཚོ་བའི་ཁྲོད་ཀྱི་ཁེར་རྐྱང་རེད
འགྲོ་བཞིན་པ་དག་ཁེར་རྐྱང་གིས་འགྲོ་བཞིན་འདུག
འོང་བཞིན་པ་དག་ཀྱང་ཁེར་རྐྱང་གིས་འོང་བཞིན་འདུག
འགྲོ་འོང་གཉིས་ཀྱི་བར་མཚམས་འདི་ནས
ངས་ངལ་གསོ་ཡིད་ཚིམ་པ་ཞིག་བྱེད་འོས་མོད
སོང་ཟིན་པ་ཚོས་ང་ལ་ལམ་ཐག་ཧ་ཅང་ཉེ་ཟེར
འོང་བཞིན་པ་ཚོས་ང་ལ་ལམ་ཐག་ཧ་ཅང་རིང་ཟེར
མིང་མེད།
ཟམ་པའི་ཕར་ཚུར་གཉིས་ན་རྡོ་ཡི་སེང་གེ་རེ་རེ་འགྱིང་འདུག
མཆེ་གཙིགས་སྡེར་བགྲད་ཀྱིས་རང་རང་གི་ས་གནས་སྲུང་བ་དང་འདྲ
ཟམ་པའི་སྟེང་ན་འགྲོ་འོང་བྱེད་པའི་མི་རྣམས་ཀྱིས
རང་གི་ཕུན་སུམ་ཚོགས་པའི་ངོ་གདོང་ལྭ་བའི་ཕུ་ཐུང་གིས་བསྒྲིབས་ནས་འགྲོ
ཟམ་པའི་འོག་གི་ཆུ་བསྐམས་ཏེ་ཕ་བོང་སྐྱ་ཐེར་འགའ་དབང་རྩ་བཞིན་དུ་ཕྱིར་འབུར་འོང
བདག་མེད་དུ་གཡུགས་པའི་ཤིང་གི་གྲུ་ཆུང་ཞིག་རྡོ་དང་བྱེ་མའི་སྟེང་ན་མངོན་ཆུང་གིས་ལུས
ལོ་རེ་བཞིན་ཟམ་པའི་ཕར་ཚུར་དུ་བཞད་པའི་མེ་ཏོག་ཨེ་ཀྱུག་ཚོགས་ནི་ཧ་ཅང་མཚར་སྡུག་ལྡན
ལོ་རེ་བཞིན་མེ་ཏོག་ཨེ་ཀྱུག་བཞད་དུས་ནི་སྤྲོ་བསང་དང་དགོད་སྒྲ་སྙན་དུས་རེད
ང་རང་ཟམ་པ་དེའི་དཀྱིལ་དུ་སླེབས་དུས
རང་ཉིད་ནི་ཕ་རོལ་གྱི་ཡིན་ནམ་ཚུ་རོལ་གྱི་ཡིན་པ་དྲན་གྱི་མི་འདུག