ཁ་བར་སྒུག་པ།(ཞར་བཀོད་གཅིག)

དཔའ་རྩེ།(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁ་བར་སྒུག་པ།ཞར་བཀོད་གཅིག

དཔའ་རྩེ།ལན་གྲུ

ཁ་བ་བབས་མ་བྱུང ད་ལོའི་ཁ་བ་ད་དུང་བབས་མ་བྱུང

མདའ་མོ་མཁའ་ལ་འཕངས་ཏེ་སྒྲོ་སྤུ་ས་རུ་གཏོར་བ་ལྟ་བུའི

ཁྱེད་ཀྱི་མིག་ཟུང་ལས་འཐོར་བའི་མཆི་མ་དང་འདྲ་བའི

ན་ཟུག་གི་ཁ་བའི་འདབ་མ་མཁའ་དབྱིངས་ལས་བབས་མ་བྱུང

ཁུ་སིམ་པའི་མཚན་མོའི་གཏིང་རིམ་དུ་ལག་པས་བསྙབས་ན

ཁ་བའི་དྲི་བསུང་ད་དུང་རྒྱང་རིང་རྒྱང་རིང་ན་མཆེད

རྨི་ལམ་དཀར་པོ་དཀར་པོ་ཞིག་རྨི་འདོད་ཀྱི་འདུན་པས

མཚན་མོའི་ཁ་དོག་ནག་པོར་བྱས

བརྩམས་ཆོས་ཁ་ཐོར་ཞིག་ཏུ

དགུན་དང་ཁ་བ་ཞེས་པའི་ཐ་སྙད་མང་དུ་འདུག་ཀྱང

འབྲེལ་སྒྲའི་ཡི་གེ་དག་སྔར་ནས་རལ་འདུག

དོན་དམ་དུ ཁ་བར་སྒུག་པ་ནི་ཕ་ཡུལ་དུ་ལོག་པ་དང་འདྲ

ངལ་དུབ་རེད དགའ་སྤྲོ་རེད མིག་ཆུ་རེད

ཁྲུང་ཁྲུང་ཁྱུ་དང་བྲལ་བའི་རྟོགས་བརྗོད་ཀྱི་གླེགས་བམ་བཀླགས་ཚེ

ངའི་མཁའ་དབྱིངས་ན ཚེས་རིས་ཟླ་བ་ཁྱེད་ཀྱི་སྨིན་མ་བཞིན

ཁ་བ་བབས་མ་བྱུང ད་ལོའི་ཁ་བ་ད་དུང་བབས་མ་བྱུང

མཁར་རྫོང་རལ་བོ་ཞིག་ལ་རྒྱང་ལྟ་བྱས་ཏེ ཁྱེད་ཀྱིས

སྤང་ལྗོངས་ཁ་བས་མ་གཡོགས་པའི་ཡར་སྔོན་དུ

ལྷ་སྲུང་གིས་བྱིན་རླབས་དབབ་ངེས་ཟེར

དོན་དངོས་སུ ཁྱེད་ནི་ཁྱེད་ཀྱི་རྗེ་བོ་རེད་ལ

ཁྱེད་ནི་ཁྱེད་ཀྱི་མངའ་འབངས་ཀྱང་རེད

ཡང་ན ཁེར་རྐྱང་དང་རེ་སྒུག་ཁྲོད་ཀྱི་རི་དྭགས་རྨས་མ་དེ་རེད

རང་ཉིད་དམར་གསོད་གཏོང་མཁན་གྱི་ལག་དམར་རེད

ད་ལོའི་ཁ་བ་ད་དུང་བབས་མ་བྱུང

༢༠༡༦.༡༢.༨

སེམས་ཀྱི་རེ་སྨོན་གླུ་རུ་གྱེར་བ།

འཁྱག་སིབ་སིབ་ཀྱིས ལྗིད་ཏིག་ཏིག་གིས

སེམས་ཀྱི་གཏིང་རིམ་དུ་ཟགས་འོང་བའི་ཐ་སྙད་དེ་དག

ང་ཡི་གློ་སྙིང་མཆིན་གསུམ་སྟེང་ཤུགས་ཀྱིས་བརྡབས་པའི

ལྕགས་ཀྱི་ཐོ་བ་ཡིན་པར་མཛོད ཁྲག་གི་མེ་སྟག་མཆེད་པར་ཤོག

དལ་ལྷོད་ལྷོད་ཀྱིས ལྐོག་སུད་སུད་ཀྱིས

ཁོ་བོའི་མིག་ལམ་དུ་འགྲེམ་གྱིན་པའི་ཚོན་རིས་དེ་དག

ང་ཡི་རི་ཆུ་ནགས་གསུམ་ལ་ནན་གྱིས་བཏེགས་པའི

ཨར་འདམ་གྱི་ལེགས་སྐྱེས་མིན་པར་མཛོད

རྣོ་ལྕགས་ཀྱི་སྐྱེམས་ཆང་མིན་པར་ཤོག

མིག་ཀེམ་ཀེམ་གྱིས སེམས་འཚབ་འཚུབ་ཀྱིས

ཞོགས་པ་དང་ནུབ་ཁའི་མཚམས་སྤྲིན་ཁྲོད་བརྩེགས་པའི་རེ་སྒུག་མཐའ་དག

ངའི་རྩྭ་ཐང་གི་འདས་མ་ད་གསུམ་དུ་ངང་གིས་སྦྲུམ་པའི

དྲོད་ཀྱི་ཉི་འོད་ཡིན་པར་མཛོད ཆར་གྱི་འཚོ་བཅུད་ཡིན་པར་ཤོག

དགྱེས་འཛུམ་ལྷུག་ལྷུག་གྲོལ་བ་རོལ་དབྱངས་ཡིན་པར་ཞུ

ཡིད་སེམས་དྲོད་ཀྱིས་བརླན་པར་ཤོག

དྲན་པ་རླུང་ལ་བཏབ་པ་འཇའ་ཚོན་ཡིན་པར་སྨོན

སྤྲིན་གྱི་སྒྲིབ་གཡོག་མེད་པར་ཤོག

ཁྲུང་ཁྲུང་ལྷོ་བཞུད་གནང་བ་ལོག་ཕེབས་ཡོད་པར་ཞུ

མཁའ་མཐའི་འཕུར་ལམ་བདེ་བར་ཤོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1