ན་ནིང་ལི་ཡུལ་ནས།(ཞར་བཀོད་གཉིས)

གེ་སར།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ན་ནིང་ལི་ཡུལ་ནས།ཞར་བཀོད་གཉིས

གེ་སར།ཟི་ལིང

རླུང་བུ་ཐག་རིང་ནས་གཡུགས་འོངས་ཤིང

སླར་ཡང་ཐག་རིང་ལ་བུད་སོང

རྗེས་ཤུལ་སྐྱ་བོ་ཞིག་བཞག་ནས་བུད་སོང

ངས་སྨྲེང་བ་ཁོག་ཏུ་སྦས་ནས

ལི་ཡུལ་རྩྭ་ཐང་གི་མཐའ་སྣེར་འགྲེང་དུས

དུས་དང་བར་སྟོང་སྤྲིན་བཞིན་འཁྲིགས་ཤིང

འདས་སོང་དང་མ་འོངས་པ་ཡང་རྒྱུན་མར་བསྣོལ་པས

ལོ་རྒྱུས་ནི་ནམ་མཁའི་དབྱིངས་སུ་བཙེམས་པའི་ལྷན་པ་ནག་པོ་ཞིག་དང་མཚུངས

བྱ་རྒོད་ཅིག་རླུང་ནང་ནས་ཐག་རིང་དུ་འཕུར་སོང་རྗེས

ངས་རྒྱ་ཆེ་བ་དང་འབྱམས་ཀླས་ཀྱི་ཀློང་ལ་དྲན་པ་བཞག

ངས་ལོ་རྒྱུས་དང་མེས་པོ་ཚོའི་སེམས་ཁོང་ལ་དྲན་པ་བཞག

དེ་ནི་འགྲུལ་བཞུད་རིང་མོ་ཞིག་རེད

སེམས་ཀྱི་མྱ་ངམ་ཐང་ལ་འཁྱམ་ཉུལ་བྱེད་སྟངས་ཤིག་རེད

མེས་པོ་རྟ་བཞོན་དེ་དག་གི་རྡུལ་འཚུབ་གང་ལ་ཡལ་སོང་ཨང

མི་བུ་རུས་རྐང་ཅན་དེ་དག་གི་རྒྱབ་གཟུགས་གང་ལ་ཡལ་སོང་ཨང

ལི་ཡུལ་རྩྭ་ཐང་གི་མཐའ་སྣེ་ནས་ནོར་ནག་གི་ཁྱུ་ཚོགས་མ་མཐོང་བས

ངས་སེམས་པ་རླུང་ལ་ཇི་ལྟར་བརྡར་ནའང

ལོ་རྒྱུས་ཀྱི་ལྷན་པ་ནག་པོ་དེ་བརྟོལ་མ་ཐུབ

ན་ནིང་ལི་ཡུལ་ནས

ངས་རང་སེམས་ལ་ཨག་སྐད་ཐེངས་ཤིག་བརྒྱབ་པས

བྲག་ཅ དེ་རིང་ད་དུང་ཡང་ལྷང་ལྷང་ངང་མཆེད་ཀྱིན་འདུག་ཨང

༢༠༡༧.༤.༢༢ཉིན།

བྱིས་དུས་དྲན་སྟངས་ཤིག

བྱིས་དུས་ནི་དྭངས་གཙང་གི་བྱིས་སྒྲུང་ཚར་གཅིག་ནང་བཞིན

ནམ་ཡང་བདག་གི་དྲན་ངོགས་སུ་འཁྲིལ་འདུག

བྱིས་དུས་ནི་ཡིད་དབང་འགུགས་པའི་གློག་བརྙན་ཞིག་ནང་བཞིན

ནམ་ཡང་བདག་གི་ཞེ་བློ་ནང་དཔར་འདུག

བྱིས་དུས སྒྱུ་འཕྲུལ་དང་མཚར་སྣང་ཀློང་ན་འཁྱིལ་བའི་བྱིས་དུས

བྱིས་དུས སྨོན་འདུན་དང་རེ་ལྟོས་ཁྲོད་ན་གསོན་པའི་བྱིས་དུས

ད་ལྟ ང་རང་མི་ཚེའི་ལ་མགོར་འགོས་ནས་རྒྱང་ལྟ་ཞིག་བྱས་པས

ངས་སྨུག་པ་ལང་ལོང་གསེབ་ཀྱི་སྐྱོ་བ་ཞིག་ཚོར་བྱུང

ངས་སྣང་བ་བན་བུན་ཁྲོད་ཀྱི་ཤུགས་རིང་ཞིག་ཐོས་བྱུང

༢༠༡༨.༧.༡༠ཉིན།

ནམ་ལངས་རྒྱུ་ཞིག་མི་འདུག

ནམ་གུང གློ་བུར་དུ་གཉིད་ལས་སད་དུས

སྐར་མ་ཁེར་རྐྱང་རེ་གཉིས་ཕྱི་རོལ་གྱི་ནམ་མཁའི་དབྱིངས་སུ་འབྱར་ནས་འདུག

ཆུང་མའི་གཉིད་གཏམ་ལྡབ་ལྡིབ་ཁང་ཆུང་ནང་བྲག་ཅར་འཁོར་ནས་འདུག

ནམ་གུང གློ་བུར་དུ་གཉིད་ལས་སད་དུས

རང་ཉིད་ནི་གཏིང་མེད་ཞབས་མེད་ཀྱི་བྲག་རོང་ཞིག་ཏུ་ཡོད་སྣང་འཆར་ཞིང

སེམས་པ་ནི་མཐའ་ཡས་པའི་སྟོང་ཁམས་ནང་བཞིན་སྟོང་སང་ངེར་ལུས་འདུག

ནམ་གུང གློ་བུར་དུ་གཉིད་ལས་སད་དུས

སག་སྒྲ་དེ་ནི་སྟོན་མཇུག་གི་ལོ་མ་ས་རུ་ལྷུང་བའི་སྒྲ་དབྱངས་ཡིན་པ་ཤེས་ལ

འུ་ཤུ་དེ་ནི་སེམས་ངལ་གྱིས་མནར་བའི་མི་བུ་ཞིག་གིས་ཨ་མ་དྲན་པའི་དངན་པ་ཡིན་པ་ཤེས

ནམ་གུང གློ་བུར་དུ་གཉིད་ལས་སད་པས

མགོ་བོ་ཉལ་ཐུལ་གྱིས་ཡང་ཡང་བཏུམས་ནའང

ད་ནི་གཉིད་དུ་ཡུར་ཐབས་ཤིག་མི་འདུག་ལ

ནམ་ལངས་རྒྱུ་ཞིག་མི་འདུག

འེ ནམ་ལངས་རྒྱུ་ཞིག་མི་འདུག་ཨ

༢༠༡༨.༡༠.༢༡གི་ནམ་གུང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1