ང་རང་ཐེངས་སྔོན་མར་ཡོང་དུས
དབྱར་ཁའི་གཞུང་ཏག་ཏག་ཡིན
བལ་བྲེགས་ཟིན་པའི་ལུག་ཁྱུ་དཀར་ལམ་ལམ་འོད་དུ་འཚེར
བཞོ་འབྲི་མ་ཚོའི་རྭ་དང་རྨིག་པ་སྣུམ་ཁྱུག་ཁྱུག་ཏུ་མཐོང
ཟོ་བའི་ནང་གི་མར་ལོ་དག་གིས་སེར་ཐིང་ཐིང་མཆོང་ལྡིང་རྒྱག
དེ་ནི་ད་ལོར་རྩྭ་སྔོན་སྐྱེས་ལེགས་པའི་རྟགས་རེད ཡང
ལོ་ནམ་ཟླ་ཡག་ཐལ་ན་འབྲོག་པ་ཚོར་སེམས་ཁྲལ་ལྷག་མ་ཡོང
བསོད་ནམས་ཀྱིས་མི་ནོན་ཟེར ང་རྣམ་རྟོག་དེ་ལ་མི་དགའ
ངས་ཁོ་མོར་བྱབ་ཆུང་གི་ཁ་དན་དེ་འབུལ་དུས
ཁོ་མོའི ཚེ་མཐའི་སྦྲེའུ་ཚེ་དེ་ཡང
སྒོ་ང་གས་ཤིང་གཤོག་པ་ཐོགས་པའི་བྱིའུ་ཕྲུག་ཚོ་འཕུར་ཤུལ་གྱི
ཟེལ་སློག་སློག་གི་བྱིའུ་ཚང་རལ་པོ་ཞིག་དང་འདྲ་བར
ཤག་ཤག་རྒྱུག་པའི་དབྱར་ཁའི་ཆུ་ཕྲན་དེའི་ཁ་ན་ཁེར་རྐྱང་གིས་ཕུབ
ངའི་ཡིད་ལ་ཕེབས་ཟིན་པའི་སྤོ་བོ་དྲན
བྱིའུ་ཚང་རླུང་གིས་སྒུལ་ཙམ་བྱས
ངའི་སེམས་པ་ཡང་རླུང་གིས་སྒུལ་ཙམ་བྱས
སྟོན་ཀར་ཤོག་དང
རྨོ་མོས་ཁྱེད་ལ་ཡང་གོར་ལོག①ཐལ་སྲེག་མ་འཚོད
ནང་དུ་འདི་ལྟར་མར་དཀར་ལྟེམ་པོར་ཞུ་ཡོང
མར་ལོ དགུན་ཁའི་མར་ལོ་དཀར་པོ
ད་དུང་བྱེ་མ་ཀ་ར་ཡང་ཡོད ཡང་ན་ཀ་ར་བསྐྱུར་ཏེ
ནང་དུ་ཚྭ་ཅུང་ཙམ་སྟོར་ན་ཡང་ཞིམ ཞེས་ཁ་ཐེར་ཐེར
སོ་མུ་ཏིག་ཙམ་མེད་པའི་འཛུམ་བུ་སེར་སྣ་མེད་པར་ངོམ
དགོད་བྲོ་བའི་ངང་ངའི་སེམས་ལ དོན་དུ
ཁོ་མོ་ནི་ངའི་རྨོ་མོ་ཡིན་ནམ ཡང་ན
ད་དུང་སེའུ་ཐོགས་མེད་པའི་ངའི་བུ་མོ་ཡིན་སྙམ དེ་ལྟར
གཡོ་བ་མེད་པར་འཛུམ་སྟེ ངས་གོར་ལོག་ཟ་བའི་བཟོ་ལྟར་ལྟ་བཞིན
འགྲོ་ཁར་ལམ་བྲོར་གཅིག་ཟུངས ཞེས་ཡང་བསྐྱར ཁྱོར་རོ་རོ
ཡར་ལངས་ཏེ་བག་ཕྱེ་བརྫི་རྩིས་བྱེད ངས་ཁ་གཡར་ཏེ
ལས་ཀའི་དུས་ཚོད་བགོར་འགྲོ་ཞེས་ཁས་ལེན་མ་བྱས དེར་ཁོ་མོས
རྗེས་མར་དུས་ཚོད་ཡོད་དུས་བཟའ་རྒྱུ་མེད་ན་འཁང་ར་མ་བྱེད་ཟེར
ང་སྟོན་ཀར་ཁྱེད་ལ་སྐོར་རྒྱག་ཏུ་ཡོང དེ་དུས་ཟ་ཡང་ཟ ལམ་བྲོར་ཡང་འཛིན
ཞེས་ལན་རྩིང་པོ་བརྒྱབ་རྗེས་ཁ་འབྱིད་དེ་རྦག་རྦག་བཞོན་ནས་ལམ་དུ་ཆས་རྐྱང་བྱས
དེ་རིང་བསམས་ན ཁོ་མོས་ཉིན་དེར་ཧ་ལམ་ངའི་རྗེས་སུ་ཡུན་རིང་མིག་སྐྱེལ་བྱས་ཡོད་སྲིད
འོན་ཀྱང་མ་གཞི་ནས་མི་གསལ་བའི་མིག་འོད་སྐྱ་མག་མོག་དེས
འཕུར་གྱིན་པའི་རྦག་རྦག་ཅིག་ཇི་ལྟར་ཟིན
ངའི་སྙིང་རྗེ་བའི་རྨོ་མོ
ཅི་ཞིག་ལ་སྙིང་རིང་ཟེར་བ་ཤེས་དུས
ཆུ་ཕྲན་འཁྱགས་པས་བསྡམས་ཚར་འདུག
བྱིའུ་ཚང་རྙེད་རྒྱུ་མ་བྱུང གཏན་ནས་གཏན་དུ
ཉིན་དེར་མ་བསྒུགས་པའི་གོར་ལོག་དེ་དྲན་གྱིན
དགུན་གྱི་མར་ལོ་དཀར་པོ་དེ་དྲན་གྱིན
བྱེ་མ་ཀ་ར་དེ་དྲན་གྱིན
ངའི་མིག་ཕྲུམ་ནས་ལྕེ་རྟིང་བར ཏན་ཏན
སྐྱུར་དྲང་ངེ་བ་ཞིག་འཁོར་ཐོན
མཁུར་མགོར་ཡང་རླན་དྲོད་ལུམ་ལུམ་བྱུང
ལན་ཚྭ་ཡི་བྲོ་བ་དེ་མཆུ་འདབས་ནས་འཛུལ་ཡོང
ཀ་ར་བསྐྱུར་ཏེ་ཚྭ་ཅུང་ཙམ་སྟོར་ན་ཡང་ཞིམ་ཟེར་བ་འདི་ཡིན་ནམ
མཐོང་ལམ་གྱི་ཆུ་རིས་ཤིག་ཤིག་ཁྲོད སུ་ཞིག་གིས
འགྲོ་ཁར་ལམ་བྲོར་གཅིག་ཟུངས་ཟེར ད་དུང་སུ་ཞིག
ལག་པ་གཉིས་ཀ་སར་འཁེན་ཏེ་ཁྱོར་རོ་རོ་ཡར་ལངས་རྩིས་བྱེད … …
སྐྲ་དཀར་དག རླུང་བུའི་གཞུང་ནས་ལམ་ལ་ཆས་དུས
ལོ་ཟླ་ལས་བགྲེས་པའི་གདོང་བ་དེ་ངའི་ཡིད་ལ་འཁོར
འོན་ཀྱང ངས་དེ་ལས
ཁ་པུས་མོར་ཐུག་པའི་བར་སྣལ་མ་འཐགས་ཤིང་འཐག་པའི
བུ་མོ་ལས་ངན་མ་ཞིག་གི་འཁང་ར་ཡང་མ་མཐོང
མཆོད་ཀོང་དུ མི་ཚེ་གང་བོ་མར་ཁུ་དང་ལྷན་དུ་བཞུས་དུས
ས་རྡོ་ལས་གྱོང་བའི་གཟུགས་པོ་དེ་ངའི་ཡིད་ལ་འཁོར
འོན་ཀྱང ངས་དེ་ལས
མཛུབ་མོ་བཅུ་པོ་ཨ་ཀྱོག་པ་ཀྱོག་ཏུ་གུག་པའི་བར་དཀར་ཆུ་བསགས་ཤིང་གསོག་པའི
བག་མ་སྐྱོ་པོ་ཞིག་གི་ཡུས་གཏམ་ཡང་མ་མཐོང
ངས་དེ་རུ་དྲོད་ཁོལ་ཞིག་ཕྱིར་ས་གཞིའི་པང་ལ་ཐིམ་པ་མཐོང
ངས་དེ་རུ་མཛེས་སྡུག་ཅིག་སླར་ནམ་མཁའི་མཐའ་ལ་འཕུར་བ་མཐོང
ངས་དེ་རུ ཏག་ཏག བྱིའུ་ཚང་ནང་གི་རྨོ་མོ་མཐོང
གོ་ཁའི་མེ་མུར་ནང ང་ལ་གོར་ལོག་སྲེག་གིན་པའི
བྱིའུ་ཚང་ནང་གི་རྨོ་མོ
ངའི་རྨོ་མོ
༢༠༠༦.༩.༡༩ལ་བྲིས།
༢༠༡༨.༡༡.༣ལ་བཅོས།
མཆན།
①འབྲོག་པས་གོ་འདབས་ཐལ་ཚན་མེ་མུར་ཅན་གྱི་འོག་བག་ཕྱེའི་གོ་རེ་རིལ་མོ་འཚོད་སྲོལ་ཞིག ངའི་རྨོ་མོ་དགའ་ལྡན་མ་དེ་བཟོ་རྒྱུར་ཤིན་ཏུ་འཇོན། ཡང་གོ་རེ་དེའི་རིགས་བཟའ་ཚེ། སྟེང་གི་ཐལ་བ་གཙང་མར་གཏགས་རྗེས། སྒང་དུ་ཨུ་ཁུང་ཞིག་གཏོད་ཅིང་། དེ་ལས་ནང་དུ་མར་ཁུ་དང་ཀ་ར་བླུགས་ཏེ་དཀྲུག་གིན་བཟའ་དགོས་པ་ཞིག་ཡིན།