སྤོ་བོའི་ཡུལ་ནས།(ཞར་བཀོད་གཅིག)

ཨ་རྡོར།(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཕྱི་དྲོ་འདི སྔོན་ཆད་དང་བསྡུར་ན་ནགས་ཚལ་ལྟར་སྲབ

ཕྱི་མིག་མེད་པའི་ཉི་མའི་དཀྱིལ་འཁོར་ན

ཁ་བ་འདྲ་བའི་དྲོད་ཐིགས་ཉག་ཅིག་ལྷག་འདུག

ཕྱི་དྲོ་འདིར་བདག་གིས་ལེ་བར་སྟོང་ཕྲག་གི་བར་ནས་ཐོས་མྱོང་བའི

སྤོ་བོའི་ཡུལ་ན བཙལ་ན་མི་རྙེད་པ་དག་ཨེ་རྙེད་ལྟ་བཞིན

ཁ་ཕར་ལ་འཁོར་བའི་བགྲེས་སོང་དབུ་སེ་དེར

སྐད་མཐོན་པོས སྤོ་བོ་ལགས་ཞེས་འབོད་དགོས་བྱུང

ཁ་ཚུར་འཁོར་དུས མི་དེ་ནི་ཉ་འཚོང་མཁན་གྱི་སྐད་རིགས་ལྡབ་ལྡིབ་སྨྲ་བའི

སྤོ་བོའི་ཡུལ་ནས་ལུས་པའི་ཚོང་བ་བགྲེས་མོ་ཞིག་རེད

སྤོ་བོའི་ཡུལ་ལ་སྤོ་བོ་མ་ཡིན་པའི་མིང་གཞན་ཞིག་ཐོགས་འདུག

མིང་དེ་གནས་དེའི་བྲག་རི་དང་གཞི་བདག་ལའང་ཆ་རྒྱུས་མི་འདུག

གནས་རི་དང་གངས་ལ་མོས་པའི་བདག་གི་ཆུང་མས

སྤོ་བོའི་ཡུལ་འདིའི་བྲག་གིས་ཞྭ་མོ་ཕུད་དགོས་པ་ལས་དབང་དང

ཆུ་བོས་མི་ཚོགས་འཁུར་དགོས་པའང་དུས་འགྲོས་རེད་ཟེར

ཕྱི་དྲོ་འདིར ང་རང་གཏོགས་པའི་མི་གསུམ་སྤོ་བོར་ཐོན

ལྷ་རི་གྱང་ཐོ་ཡིན་ནམ ཀོང་བཙན་དེ་མོ་ཡིན

རིའམ་ལྷ་ཞིག་གིས་མགྲོན་ལ་བོས་པའི་ཁོ་བོ་ཅག

གནས་དེར་ཞག་མལ་བྱས་ནས རི་བོ་ལ་ཅེར་ནས

མགྲོན་ཤོག་སྟེང་གི་ས་གནས་དེ་བོར་ཟིན་པ་ཡིད་ལ་དྲན

༢༠༡༨.༧.༢༧ཉིན་སྤོ་བོ་ནས་ཤར་མར་བྲིས།

གནམ་ལྕགས་འབར་བ།

རི་འདི་ལ་མིང་འདོགས་མཁན་ནི་སྲིད་པ་རྒན་པོ་མ་ཡིན་པར

ཁོང་གིས་ཀྱང་དྲན་མ་མྱོང་པའི་མགྲོན་པོ་ལག་རྩལ་ཅན་དེ་རེད

དེ་ནས་བཟུང་རི་བོ་ལ་རྒྱན་ཆ་བཏགས་ནས

རྩི་ཤིང་ལ་རྣ་ལུང་བཟོས་ནས

སྐད་འཕྲིན་ནས་སྐད་འཕྲིན་ལ་ཁྱབ་པའང

རི་འདི་ལ་གནས་པའི་གཞི་བདག་ལའང་གསལ་ཆ་བྲལ་འདུག

གནམ་ལྕགས་འབར་བ་འདི་རི་བོ་ཞིག་དང

གངས་རི་ཞིག་དང བྲག་རི་ཞིག་དང མེས་པོ་ཞིག་དང ལྷ་ཞིག་དང

དེ་ལས་ཀྱང་འདྲ་པར་ནང་ནས་གཟི་བརྗིད་ངོམ་ཤེས་པའི

དུས་ཀྱི་གཞི་བདག་ཁྱད་པར་ཅན་ཞིག་གོ

མོ་ཏྲའི་ནང་ནས་གནམ་ལྕགས་འབར་བ་མཐོང་སྐབས

ལག་པ་གཡུགས་ནས་བདེ་མོ་ཟེར་དུས

ཞྭ་མོ་ཕུད་ནས་ཀི་གསུམ་འདེབས་དུས

རི་བོ་ཁོ་ན་མ་ཡིན་པའི་གནས་ཀྱི་བདག་པོ་ཁྱེད་ཀྱིས

འཛུམ་མདངས་མེད་པར་ང་ལ་བདེ་མོ་ཟེར་དོན་ཅི་ཡིན

གནམ་ལྕགས་འབར་བ ང་དང་ཁྱེད ད་དུང་གཞན་དག

སྲིད་པའི་མི་རྒན་ཆང་གིས་མྱོས་ནས་བཤད་པའི་གཏམ་རྒྱུད་ཀྱི་མི་སྣ་དག་རེད་ཨང

༢༠༡༨.༧.༢༧ཉིན་སྤོ་བོའི་ཁོག་ནས་བྲིས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1