སྔོན་འགྲོ།
ལྷ་ས ཁྱེད་རང་གས་ཆག་མང་པོའི་སྲུབས་ཀ་ནས་ཐོར་བའི་རྡེའུ་ཟེགས་དེ་ཡིན་ནམ
ལྷ་ས ཁྱེད་རང་མི་ཆེན་གྱི་ཁ་སྣུམ་ཕྱིས་རྗེས་སྙིགས་གཞོང་དུ་དོར་བའི་ཤོག་ལུད་དེ་ཡིན་ནམ
ལྷ་ས ཁྱེད་རང་ཚི་དྲི་འཐུལ་བའི་རྐང་འབོབ་ནང་གཉིད་ལ་ཤོར་བའི་མཐེབ་ཆེན་དེ་ཡིན་ནམ
ལྷ་ས ཁྱེད་རང་རླུང་འཚུབ་ཀྱིས་ཁུར་ནས་ཚེར་མགོར་བསྐོན་པའི་འགྱིག་ཤོག་དེ་ཡིན་ནམ
ལྷ་ས ཁྱེད་རང་རྫི་གླུའི་དབྱངས་རྟར་འཁྱིལ་བའི་སྨྲེང་བ་བན་བུན་དེ་ཡིན་ནམ
ལྷ་ས ཁྱེད་རང་འགྲེལ་བ་མང་པོ་ལྷག་མར་གྱུར་རྗེས་ཀྱི་ཐ་སྙད་སྟོང་བ་དེ་ཡིན་ནམ
༡
མཐོན་པོ་གནམ་ན་ཆགས་པའི་ང་ཡི་ལྷ་ས
དུས་རླུང་རྩུབ་པོས་ཕྱོགས་སོ་སོའི་གད་སྙིགས་ལྷ་སའི་སྙིང་གར་སྤུངས་པ་ནས
ལྷ་སའི་རྩ་ལམ་དུ་རྒྱུ་བའི་ཟུངས་ཁྲག་གི་ཁ་དོག་ཡོངས་སུ་བསྒྱུར་ཅིང
སྙིང་རླུང་ལྡང་བའི་མི་རབས་ཤིག་གི་སེམས་རྨའི་ཀློང་དུ་པོ་ཏ་ལའི་མགོ་བོ་ཡོངས་སུ་སྨད
བར་སྐོར་གྱི་བསང་དྲིའི་ཞིམ་ངད་ཀྱང་དག་ཞིང་དུ་བསྐྱོད་པའི་ལམ་ཁ་ནས་རླུང་ཆེན་གྱིས་དུམ་བུར་བཅད
དེ་ནས་བཟུང བདག་གི་སྨྲ་བརྗོད་བྲལ་བའི་མིག་ཆུའི་ཕྲེང་ཐག་སྐྱིད་ཆུའི་གཞུང་དུ་འཐོར
བདག་གི་སེམས་འགྱུའི་རྦ་རླབས་དམར་པོ་ཁྲག་རྩའི་སྦུབས་སུ་ཁེགས
ལྷ་ས་ཡ བདག་གི་འདར་སིག་སིག་གི་ལག་ཟུང་སྟོང་བ་ཁྱེད་ལ་བཏེགས་ནས
སེམས་དོན་རྨས་མ་སྤར་མོ་གང་བོ་འདི་ཁ་བཏགས་ཡུག་གཅིག་གི་ཚུལ་དུ་དབུལ་ལམ
རྣོ་ལྕགས་ཀྱི་ལྡེ་མིག་རྣོན་པོས་ལྷ་སའི་ཕྱི་སྒོ་ཕྱེས་ཤིང སེམས་ཁྲལ་གྱི་ཁུ་ཚུར་སྲ་མོས་ལྷ་སའི་ནང་སྒོ་བརྡུངས
ས་རྡུལ་གྱིས་གཡོགས་པའི་ལྷ་ཚོགས་ཀྱི་ཞལ་ཁེབས་སྟེང་དུ་རྣམ་ཤེས་མང་པོའི་འོ་དོད་བབས་འདུག
མཆོད་སྟེགས་སུ་བཤམས་པའི་རུལ་མྱགས་ཀྱི་བིམ་པ་རྡོག་པོ་དེའི་མཐའ་རུ
འབུ་སྦྲང་མང་པོས་དགའ་བའི་དགའ་གླུ་ལེན་ཞིང སྐྱིད་པའི་སྐྱིད་བྲོ་འཁྲབ
ཨ་ཨ ངག་མི་འཁྲོལ་བའི་ངས་པུས་མོའི་སླ་ང་ས་ལ་བཙུགས་ནས་བཙན་པོ་ཚོར་དགོངས་དག་ཇི་ལྟར་ཞུ
༢
མེས་པོ་ཚོས་ཞལ་རླངས་ཀྱིས་གཙང་མར་ཕྱིས་པའི་ནམ་མཁའི་མེ་ལོང་གི་ངོས་སུ
དེ་རིང་གི་ན་བུན་གྱི་ས་བོན་འདི་འཁྲུངས་པར་སྔོན་དཔག་གི་བློ་ཡིས་རྟོགས་ཀྱང
གདོད་མ་ནས་གནམ་བསྐོས་ཀྱི་ལས་འཕྲོར་འཛོམས་ཆིངས་བཏབ་ནས་གངས་རིའི་ཞིང་དུ་ཆས
ལྷ་སའི་མར་མེ་ཡིས་ཞུ་ཐབས་བྲལ་བའི་གངས་འཁྱག་མཐུག་པོར་རང་ལུས་ཀྱི་ཚ་དྲོད་གླན་མཁན་དེ
རེ་སྒུག་ལ་རྫོགས་ཚིག་འགོད་པའི་ང་རང་ཡིན་ཡ ང་རང་ཡིན
རླུང་ཆེན་གྱིས་ལོ་ངོ་སྟོང་གི་ཁ་བ་འཁུར་ཐུབ་ཀྱང
ཁ་བའི་འོག་གི་ནག་ནོག་དེ་ཚོ་སུ་ཡིས་བཀྲུ
ང་ཡིས་འདབ་གཤོག་གཉོམ་པོའི་སྟེང་ལ
མེ་དཔུང་གི་ངར་ཤུགས་བརྩིགས་ནས་རི་ལུང་ཐང་གསུམ་གྱི་སྙིང་རྩིད་ནག་པོ་གཞོབ་པར་བྱེད
བདེན་པའི་ༀ་ཡིག་གི་ན་རོའི་རྩེ་ལ་དཔའ་ངར་གྱི་ཟུངས་ཁྲག་གཏོར་བར་བྱེད
ང་ཡི་ལྷ་ས སེམས་ཀྱིས་འབོར་ཐབས་བྲལ་བའི་ཁེར་རྐྱང་གི་དྭ་ཕྲུག
མགོ་བོ་དགྱེ་སྟེ་གངས་དཀར་གྱི་རྩེ་མོར་གཟིགས་དང
ཟེར་མ་འབུམ་གྱིས་སྤྲས་པའི་ཉི་གཞོན་འོད་ཀྲིག་གེར
༣
ཨ་མ་བགྲེས་མོའི་མིག་ཟུང་གི་གཏིང་ལ་ཚེ་གང་བོར་བརྐོས་པའི་བརྗིད་ཆགས་ཀྱི་ཐང་ག་རིང་མོ
ཚངས་མགུར་གྱིས་བཀྲུས་པའི་ནམ་མཁའ་སྔོན་པོ་དེའི་འོག་གི་དབྱངས་རྟ་ལྡོམ་པོ
མིག་ལ་མཆི་མ་འཁོར་བའི་ཁྱི་གུ་དེའི་ཁ་ནང་གི་རོ་མེད་བཅུད་མེད་ཀྱི་རུས་ཀོག་སྐམ་པོ
ཁྱེད་ལ་འཁྲེང་བའི་སེམས་པ་མང་པོ་རླུང་གིས་ཤིག་ཤིག་བསྐྱོད
སྐྱེས་ཆེན་ཚོའི་བློ་གཤོགས་གཡའ་དང་བཙའ་ཡིས་ཟིན་པའི་གངས་ཐང་ནས
ཁྱེད་ཀྱི་འདས་དོན་ཡིད་ལ་བརྣགས་པའི་ཕོ་རྒོད་ཚོའི་གོམ་འགྲོས་ངང་གིས་ལྷོད
ཁྱེད་ཁོ་ན་དྲན་པའི་དར་གོས་རལ་ཤུལ་དུ་ད་དུང་ན་ཟུག་གིས་འགྱིང་བའི་སྣང་བརྙན་གྱི་ཚོགས་པ་སྟེ
མིག་ཟུང་ལོང་བར་གྱུར་ཅིང་ཡིད་ལ་གསལ་ལྷང་ངེར་མངོན་པའི་རྨ་ཁ་ལགས
སྤྲོ་སྣང་གི་སྟོང་ཆ་ཡོངས་རྫོགས་སྨྲེང་སྐྱོས་བསྐངས་པའི་མཚན་མོ་ཞིག་ལ
བདག་གིས་ཁྱེད་ཉིད་དྲན་བཞིན་དུས་རབས་ཤིག་གི་སྡུག་བསྔལ་ཐོད་དུ་བླངས
རྒོད་པོའི་ཉི་འོད་འཁྱིལ་བའི་གཤོག་པ་རྨས་མ་དེའི་ཁུད་དུ་གངས་ལྗོངས་ཀྱི་ན་ཟུག་རུམ་ནས
གྱང་ཆག་དང་མཁར་ཤུལ་གྱི་ཡང་སྟེང་དུ་ལྡིང་སྐོར་ཡང་ཡང་བརྒྱག
རྩྭ་ལྡུམ་དང་སྡོམ་རྒྱ་ཕྱོགས་བཞིར་འཛིང་བའི་དངོས་ཡོད་ཀྱི་བྲང་གཞུང་དུ་ཁྭ་ཏས་ཚང་མལ་འཆའ
འགྱུར་ཁུགས་དབེན་པའི་གཞས་གདངས་གཉོམ་པོ་དེ་ཆར་རླུང་གི་བྲན་དུ་གྱུར
ལྷ་སའི་སང་ཉིན་ལ་གསལ་ཆ་ཡོད་མདོག་གི་བཟོ་ལྟ་དེ་སུ་ཡིས་སྟོན
ནམ་གུང་དུ་རྨི་ལམ་གྱི་མཆི་མས་བདག་གི་མཁུར་ཚོས་རློན་པར་བཏང
༤
བརྩེ་ཞེན་བོར་བའི་ལོ་ཟླའི་ནང་དམར་པོ་ཁྲག་གིས་བཀྲུས་པའི་ཉི་མ་ཞིག
མི་རྣམས་ཀྱི་སྨྱོ་ཧམ་གྱི་ཀློང་ནས་གངས་རིའི་ཞིང་དུ་འཕགས
གའུ་ཁ་སྦྱོར་གྱི་ཚུལ་དུ་མི་སེམས་དང་མི་སེམས་གདུག་རྩུབ་ཀྱིས་གླན
སྐྱེ་བ་ཞིག་གི་ངང་སྒུག་རེ་ཆད་དང་ཡི་ཕམ་གྱི་ཁྲོད་ནས་སྡོང་ལོ་བཞིན་གང་སར་བྲུལ
ཤོག་བུ་བཞིན་སྲབ་པའི་གནས་ལུགས་ཀྱི་གངས་ཐང་དུ་ཅེ་སྤྱང་གི་སུག་རྗེས་ག་སར་འཐེན
ལས་དབང་ལ་སྡོམ་ཚིག་བཀོད་དེ་གཡང་ལ་མཆོང་མཁན་གྱི་སྐྱེ་བོ་དེའི་ཚེ་སྲོག་གི་རྒྱུ་བ་འགག་ཟིན་ཡང
མིག་ཟུང་ཅེར་རེ་གངས་རི་དང་རྩྭ་ཐང་ལ་མཐའ་མཇུག་གི་བདེ་མོ་འཇོག
གངས་རི་གངས་རི་གངས་རི རྩྭ་ཐང་རྩྭ་ཐང་རྩྭ་ཐང
༥
མཐོན་པོ་གནམ་ན་ཆགས་པའི་ང་ཡི་ལྷ་ས
ཁྱེད་ཀྱི་རྣམ་ཤེས་ཀྱི་བདག་པོ་ཡུལ་ལུང་གིས་བཅད་པའི་ས་མཐར་ཆས་པ་ནས
རྒོད་པོའི་གཤོག་རླབས་མ་རེག་པའི་གངས་རིའི་རྩེ་ལ་ཁ་བ་ནག་པོ་བབས་བྱུང
གྲང་རེག་གི་སྤུ་གྲིས་གཏུབ་པའི་ས་ཆེན་གྱི་རྩ་སྦུབས་སུ་ཟུངས་ཁྲག་གི་ལྟེང་ཀ་བརྡོལ
ང་ཡི་ལྷ་ས ས་མཐོའི་སྒལ་ཚིགས་སུ་བེམ་པོ་བཞིན་ལུས་པའི་ལོ་ངོ་སྟོང་གི་ནད་པ
ༀ་ཡིག་གི་ན་རོ་ཇག་ཚོགས་ཀྱིས་བཤིག་ཅིང་གཏོར་སོང
ཁྱེད་རང་ས་སྲོད་ཀྱི་མཚམས་སྤྲིན་འོག་ཏུ་འགྲེང་ནས་སྐྱིད་ཆུའི་འཁུན་སྒྲར་གསན་ནམ
ཁྱེད་ཀྱི་མཐའ་མཇུག་གི་རྨི་ལམ་ཁྲོད་ཁོ་བོ་རོ་ལངས་བརྒྱག་སྲིད
ཨེ་མ ང་ཡི་ལྷ་ས
དཔུང་བ་སྦོམ་པོ་མང་པོས་དབྱིངས་སུ་བཏེགས་པའི་ཆོས་སྲིད་ཀྱི་ཕོ་བྲང
དམོད་མོ་དང་ཞེ་འཁོན་གྱི་འཆར་གཞི་སྟུག་པོས་ས་སྒང་གི་ཟེ་བར་སྐྱོ་གར་འཁྲབ་མྱོང
ཁྱེད་ལ་དགའ་བའི་སེམས་པ་མང་པོར་ཁ་ཆར་གྱིས་ཡང་ཡང་བྲན
འུ་ཐུག་པའི་བཞིན་ལ་རེ་བའི་ས་བོན་འདེབས་མཁན་དེ་སུ་ཡིན
སྨག་རུམ་གྱི་འོབས་དོང་དུ་ཚུད་པའི་མགོ་ཡང་ཁ་བདེ་མང་པོས་ཁྱེད་ལ་བསྟོད་གླུ་རྐྱང་རྐྱང་འབུལ
མེ་ཏོག་གི་འདབ་ཁ་ཡང་མོ་དུས་རླུང་གིས་འཛམ་གླིང་གི་སྤྱན་ལམ་དུ་ཕྱེ་ནའང
ཡ་ཁོག་གི་གསང་བ་དྲོན་མོ་སྐྱེས་སུ་འདེགས་པའི་དཔའ་བོ་ནི་ཡོད་རེ་སྐན
འོ ལྷ་ས
༦
ཆོས་འབྱུང་མང་པོའི་གསེང་དུ་སྐྱ་ལོག་གེར་གཟིམས་པའི་གདན་ས་ཆེན་མོ
སྐྱེས་པ་རལ་ཁུར་མང་པོས་དཔའ་རྟགས་དང་གླེན་རྟགས་ཅི་དགར་བསྟན་མྱོང་བའི་གར་སྟེགས་ཡངས་པོ
རྨི་ལམ་གྱི་ཞིང་ནས་ངའོ་དང་བཅས་ལག་ངར་མཁའ་རུ་སྒྲེང་མཁན་ཚོས
ཁྱེད་ཀྱི་སེར་ག་གས་པའི་བཞིན་ལ་མར་ཞག་གི་སྣུམ་བྱུགས་བཏང
ཁྱེད་ཀྱི་ཁྲག་རྣག་འཛར་བའི་ཕུང་བོ་ཁ་བཏགས་ཀྱིས་གཅུད
ཁྱེད་ཀྱི་ཁོག་གི་སྡུག་སྣང ལོ་ཟླའི་ཕྲེང་བར་བརྒྱུས་པའི་སྡུག་སྣང་མ་ལུས་སླར་ཡང་ཁྱེད་ཀྱི་ཁོག་ཏུ་བྱོ
ལྷ་ས་ཡ ཁྱེད་ཀྱི་དགའ་སྐྱོ་ཆགས་སྡང་ཁྱེད་ཀྱི་ཁོག་ནས་རུལ་སོང
༧
གནའ་བོའི་དྲན་པ་དང་ད་ལྟའི་གནས་བབ་ཐག་པ་གཅིག་ཏུ་བརྒྱུས
མཛེས་སྡུག་གི་ལྷ་སྒྲུང་དང་དོན་དངོས་ཀྱི་བྱུང་བ་ཤོག་ངོས་གཅིག་ཏུ་བཀྲམ
མུན་ནག་ཡོད་ཚད་དཀར་པོར་བསྒྱུར་ཏེ་ཁ་སང་ལ་བདེ་མོ་འཇོག་པ་དང དེ་རིང་ལ་ལག་འཇུ་བྱེད་པ
འཇིག་རྟེན་གྱི་གསང་བ་མཐའ་དག་སྒོ་དང་སྒེའུ་ཁུང་ཙམ་གྱིས་ག་ལ་ཁོགས་ཨང
སྐྱིད་ཆུས་ཕྱི་རོལ་གྱི་སྦགས་བཙོག་བཀྲུས་ཤིང་ཁུར་ཟིན་ནའང
ལྷ་སའི་ནང་སྙིང་གི་རུལ་སུངས་དང་སྤམ་བཟོ་ནི་ཤྭ་འོད་ཆེན་པོས་ཀྱང་འདག་ག་ལ་ཐུབ
ཡིན་ཡང ང་ནི་རྫུན་རྫུས་ཀྱི་ཁོར་ཡུག་ལ་གོམས་ཟིན་པས
མིའི་རིགས་ཀྱི་ཞེད་སྣང་རྒྱུད་ནས་བོར་སོང
༨
ཁ་བ་དཀར་པོ་སེམས་ལ་བབས ཁ་བ་འཁྱག་པོ་སེམས་ལ་བབས
གངས་དཀར་གྱི་བཙན་རྫོང་དབུས་སུ་ང་དང་པོ་ཏ་ལས་ཕན་ཚུན་ལ་སེམས་གསོ་བགྱི་བཞིན
མུན་ནག་གི་མཚན་མོ་མང་པོ་གདོང་གིས་བསུས་ཤིང་གྱེས་ཕྱག་ཕུལ
འོད་ཀྱིས་བསྐྱུགས་ཤིང་འོད་ཀྱིས་བཏང་བའི་འཇིག་རྟེན་འདིར
རི་ཀླུང་གི་མཛེས་པ་རྡོ་དང་གཡའ་མའི་གསེང་དུ་སྲ་གཟུགས་སུ་ཆགས
མེས་པོའི་གླུ་སྐད་ལ་འཁྲེང་བའི་རྣམ་ཤེས་ལྡོམ་པོ་དག་བར་སྐོར་དུ་འཚངས་ནས
མིག་ཆུ་དྲོན་མོ་ཧུབ་ཀྱིས་དྲངས་ཏེ་སྐོམ་པའི་གདུང་བ་སེལ
མཇུག་གི་གཏམ།
འོ ལྷ་ས ང་ཡི་ལྷ་ས
ཁ་སང་གི་ལྷ་ས དེ་རིང་གི་ལྷ་ས མ་འོངས་པའི་ལྷ་ས
བདག་གི་ལྷ་ས ཁྱེད་ཀྱི་ལྷ་ས
ལྷ་ས ད་དུང་ལྷ་ས
འོ ང་ཡི་ལྷ་ས
ཤར་ལྷོ་ནུབ་བྱང་ནས་རླུང་བུ་དྲག་ཏུ་ལྡང་རོགས
སེམས་ཁོང་གི་སྨུག་སྤྲིན་རྒྱང་དུ་གཅོལ་རོགས
ཉི་མ་ཤར་ཤོག
ཟླ་བ་ཤར་ཤོག