རང་བྱུང་ཁམས་ཆེན་མོ་ནི
མི་ཚོགས་ཀྱི་མིག་ཟུང་ལ་བབས་པའི
སྙིང་སྡུག་གི་རི་མོ་དག་སྟེ
གངས་རི་དང་རྩྭ་ཐང ནམ་མཁའ་དང་རྒྱ་མཚོ
རྒྱ་སྟག་གི་ཐིག་ལེ་དང རྨ་བྱའི་སྒྲོ་མདོངས
ཡོད་ཚད་ཀྱིས་རང་བྱུང་གི་བཞུར་རྒྱུན་དེ་ལ་རྐང་བཙུགས་ཤིང
རྟེན་འབྲེལ་གྱི་ཆོས་ཉིད་ཅིག་ལ་ཕྱི་ནང་སྦྲེལ་ནས་ཡོད
ཁྱེད་ཀྱིས་མཐོང་བྱུང་ངམ
ནགས་ཚལ་གྱི་སྐྲ་ལོ་ལ
རླུང་ཆེན་གྱི་ལག་པས་བྱིལ་བྱིལ་གཏོང་དུས་སུ
མཛེས་སྡུག་གི་རྒྱབ་ཏུ་བསྐུངས་པའི
མེ་ལོང་ཆག་པོ་དེའི་གཞུང་ལ
ལྗོན་པའི་ཚོགས་ཀྱིས་ཤུབ་བུར་སྨྲ་བའི་ངག་སྒྲོས་ཀྱི་གཡའ་རྩི་ཆགས་ཡོད
མེ་ཏོག་ཅིག་གི་ཚེ་སྲོག་གི་ཉམས་རྒུད་ལྟར
འདབ་མ་རེ་རེའི་ངོས་ལ
བཀླགས་མི་ཚར་བའི་ལོ་རྒྱུས་ཀྱི་གཏེར་ཡིག་བྲིས་ཡོད་དུས
ཁྱེད་ཀྱིས་བྲང་ཁར་བཏགས་པའི་ཆུ་ཚོད་འཁོར་ལོ་དེ
གཙང་པོ་དང་བསྲེས་པར་དོན་སྙིང་ཅི་ཡིས་སྟོངས
རྐང་རྗེས་ཀྱི་རི་མོ་མཐའ་དག་རྡོ་ཡི་སེང་གེར་བསྒྱུར་ནས
གསེར་ཁྲི་སྟོང་བར་ལུས་པའི་ཕོ་བྲང་གི་ནུབ་སྒོར་འཇོག་དུས་སུ
ཁྱེད་ཀྱིས་རང་གི་ལ་ཐོད་དུ་བཅིངས་པའི
མཚམས་སྤྲིན་གྱི་རལ་བ་དེ
ཁ་དོག་སྔོན་པོ་ཡིན་པ་སུ་ལ་གསང
ཉི་མའི་ལག་མཐིལ་ནས་འཛར་བའི་འོད་ཀྱི་ཉིང་ཁུ་དེས
མི་ཡུལ་ལ་བརྗེད་པར་དཀའ་བའི་གསེར་སེར་གྱི་ན་བཟའ་བཀླུབས་པ་བདེན་དུ་ཆུགས་མོད
བུམ་པའི་ཁོག་པར་ནམ་མཁའ་བླུགས་པའི་ངང་ཚུལ་གྱིས
ཁྱེད་ཀྱི་འཇིག་རྟེན་དེ
སྒོ་མོ་མེད་པའི་ས་འོག་གི་སྒོམ་ཁང་ཞིག་རེད
སྒྱུ་མའི་རྨི་ལམ་དང རྟོག་བཏགས་ཀྱི་ཉི་ཟླ
བསླུ་བྲིད་ཀྱི་སྣང་བའི་འཇིག་རྟེན
ཐ་སྙད་ཀྱི་ལྕགས་ཐག་གིས་སྦྲེལ་བའི་ཚིག་གི་ཨ་ལོང་དག་གིས
ཁྱེད་ཀྱི་བསམ་རྒྱུན་གྱི་མཐའ་དེ་ལ
མུན་པ་ལས་སྐྱེས་པའི་ཁེར་རྐྱང་གི་བཙོན་ཁང་ཞིག་བཞེངས་ནས་ཡོད་པས
རྣམ་ཤེས་ཀྱི་བླ་གཡུ་བརྐུ་བའི་བཙོན་མ་དེ་སུ་ཡིན
སོང་གིན་སོང་གིན་དུ
དགོད་སྒྲ་ལས་ཉོན་མོངས་ཀྱི་མཆེ་བ་སྐྱེས་ཤིང
སྙིང་རྗེ་ལས་ཚུལ་འཆོས་ཀྱི་ལག་པ་རྐྱོང་ཡོང་དུས
ཕུགས་བསམ་གྱི་སོག་རུས་ངོས་ལ་བཙེམས་པའི
གཟུགས་མེད་ཀྱི་གཤོག་ཟུང་དེ་ཡང
ལྕགས་ཆས་ཀྱིས་གྲུབ་པའི་ལྷན་པ་ཞིག་རེད
པོ་ཏ་ལའི་མདུན་གྱི་རྡོ་རིང་གི་མིག་ཟུང་ལས
མཆི་མ་ནག་པོ་འབབ་དུས་སུ
ཁྱེད་ནི་ཁེར་བཞུད་ཀྱི་རླུང་དམར་པོ་ཞིག་སྟེ
སྣང་བའི་རྟེའུ་དཀར་པོ་དེར་བྱོན་ནས
ངོ་གདོང་སྨུག་པོ་དག་གི་རྨི་ལམ་གྱི་གཞུང་ལ
ཁ་དོག་སྣ་ལྔའི་འཇའ་ཚོན་གྱི་རི་མོ་འབྲི་མཁན་དེ་རེད
༢༠༡༣ལོའི་ཟླ༦པའི་ཚེས༢ཉིན།