དབྱིངས་ལ་སེར་ཁ་ཤོར་བ
ཉི་མའི་རླུང་ལ་ཕྲིས་ཤིག
སེམས་ལ་ཚེར་མ་སྐྱེས་པ
རྡོག་སྣའི་ལམ་ལ་ཕྲིས་ཤིག
—སྔོན་འགྲོའི་དབྱངས།
ཁྱེད་རང་བུད་སོང ལུང་བའི་ཕུགས་ཀྱི་སྨུག་སྤྲིན་དེའི་རྫོངས་ལ
ཕྱི་གསལ་ནང་གསལ་གྱི་རྐང་རྗེས་ཤིག་ཕབ་ནས་བུད་སོང
སྟོན་འབྲས་ཀྱིས་དུད་པའི་ལྗོན་ཤིང་གི་གཡབ་གཡུག་ཁོ་ནས
རི་བོ་ཚོགས་ཀྱིས་ཁྱེད་ལ་གུས་ཕྱག་འབུལ་གྱིན་འདུག
རྒྱབ་གཟུགས་དེ ངས་ཡུན་རིང་བོར་སེམས་སུ་བརྐོས་པའི་རྡོ་རིང་ཞིག་གམ
ཡང་ན་ཚེ་གང་བོར་ཕྲག་ཏུ་ཁུར་བའི་གླེགས་བམ་ཞིག་དང་འདྲ
དུས་མཐའི་རྨི་ལམ་གྱི་ཤ་འོད་དྲག་ཏུ་རྒྱུག་པས
ཁྱེད་ཀྱི་གཉེར་རིས་ཀྱི་ཀློང་ལ་ཁེར་རྐྱང་གི་རྦ་རླབས་འཁྲིགས
རྡོག་ཁྲེས་ཀྱི་ཁུད་ལ་གཅུད་པའི་རྔུལ་ཆུ་ཐིགས་པ་རེའི་ནང་ལ
སྔོ་ལྟེམ་ལྟེམ་གྱི་མཚོ་མོ་རེ་འཁྱིལ་ཡོད
གཉིད་ལ་ཤོར་བའི་སྐྱ་རེངས་ཀྱི་ལག་པ་ཧ་ཅང་འཁྱག་ནའང
ཁྱེད་ཀྱི་བྲང་ཁོག་ཏུ་འབར་བའི་མེ་ལྕེའི་བྱིན་རླབས་ཀྱིས
མུན་ནག་གི་སྒོ་མོ་མེ་ལ་སྒྲོན་ཞིང གནམ་སའི་ཧྲག་བར་སྟོབས་ཀྱིས་ཕྱེ་ཡོད
ཁྲག་གི་རྐང་རྗེས་ལས་མངོན་པའི་ཚེར་མའི་ལམ་བུ་དེའི་ཕ་མཐའ་ནི
འཇའ་གུར་གྱིས་བརྒྱན་པའི་དབྱངས་གསལ་གྱི་རྒྱལ་ཁམས་ཏེ
རྡོ་སེང་གེ་དག་ལ་མིག་ཆུ་བཞུར་བའི་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག
དེ་ནི་ཁྱེད་རང་སྟེ
ས་གཞིའི་མངལ་དུ་སྦྲུམ་ཞིང་གསེར་གྱི་སྒོ་ང་ལས་བཏོན་པའི
དུག་ཟ་མཁས་ཀྱི་མེ་ཡི་ཁྱུང་ཆེན་དེ་ཁྱེད་རང་ཡིན
དེ་ནི་ཁྱེད་རང་སྟེ
དབྱིངས་ཀྱི་དཀྱིལ་འཁོར་ལས་མངོན་ཞིང་སྤྲིན་གྱི་བུམ་པ་ལས་ཐོར་བའི
མུན་པ་བཀྲུ་མཁས་ཀྱི་ཐ་སྙད་ཀྱི་ཆར་བ་དེ་ཡང་ཁྱེད་རང་ཡིན
ཁྱེད་ཀྱི་གྲིབ་མ་ཡི་ལྗོན་རྩེར་སྨིན་པའི་ཟླ་བ་སེར་པོ་དེ
རྒྱང་རིང་གི་རླབས་སྔོན་མོའི་རི་རབ་ཀྱི་མཚོ་འཇིངས་ལ་ནུབ་དུས
མིག་འབྲས་མཐའ་དག་ནག་ཐིག་ཏུ་གྱུར་ཞིང་ཁྱེད་ཀྱི་རྐང་རྗེས་ལ་ཐིམ
༢༠༡༨ལོའི་ཟླ༩པའི་ཚེས༢༣ཉིན།