ཕ་ས་ཕ་ཡུལ་ལྟ་བུའི་ལྷ་ཡུལ་མི་འདུག

འབྲོང་ཕྲུག(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


རི་སྨུག་པ་ཅན་པོ་སྟོད་ན་ཡོད།།

ཞེ་སྨྲེང་བ་ཅན་པོ་ལམ་ན་ཡོད།།

སྔོན་འགྲོའི་ཚབ་ཏུ།

རི་མཐོ ས་གཙང

རི་རྩེའི་བསང་དུད་ལྷ་ཡུལ་དུ་འཐེན

དར་ལྕེ་ལ་ཚོན་མདོག་གི་རྨི་ལམ་གཡོ

སྤྲིན་དཀར་དང་ལུག་ཁྱུ་འདྲེས་ས་དེ་རུ

རྫི་གླུ་ཁོ་ནས་འཇིག་རྟེན་གྱི་ལྷིང་འཇགས་དཀྲོགས

ཕྱིར་ཕ་ཡུལ་ལ་ལོག་པའི་ལམ་དུ

ཆར་བ་གློ་བུར་དུ་ཇེ་ཆུང་ལ་གྱུར་སོང

ཆར་བས་བཀྲུས་པའི་མེ་ཏོག་གི་འདབ་མ

རྩྭ་ལྗང་གི་དཔུང་བར་འཇུས་ཏེ

མགོ་བོ་ལྡེམ་ཙམ་བྱེད

འདབ་མ་གཡོ་ཙམ་བྱེད

དེ་ག་ཙམ་གྱིས

ང་རང་མུ་མཐུད་དུ་གོམ་པ་སྤོ་བར་སེར་སྣ་ཆེ

ཕ་མཐའ་མི་མངོན་པའི་རྩྭ་ཐང

ངའི་རྐང་འོག་ཏུ་ཐར་བཅད་དེ

ཕ་མཐའ་མི་མངོན་པའི་ནམ་མཁའ

ངའི་མགོ་ཐོག་ཏུ་ཐར་བཅད་དེ

ངའི་སེམས་པ་ཁོ་ན

ཐར་གཅོད་ཐབས་མེད་པར

ཕ་ཡུལ་གྱི་ཕང་བར་ཅི་འདྲའི་ཉམ་ཆུང་ཨང

མེས་པོ་སུ་ཞིག་གི་ཕྲེང་ཐག་ཆད་སོང

སྤང་ཁུད་ཀྱི་མུ་ཏིག འོད་འཚེར་འཚེར

འབྲོག་མོ་སུ་ཞིག་གི་མགུལ་རྒྱན་འཐོར་སོང

གཙང་འགྲམ་གྱི་མུ་ཏིག འོད་འཚེར་འཚེར

ངས་ཐང་མར་བརྡལ་བའི་མུ་ཏིག་བཏུས་ནས

འོད་འཚེར་འཚེར་གྱི

ནོར་ལུག་གི་མུ་ཏིག་རེ་རེ་བཞིན་བཏུས་ནས

ཁྱེད་ལ་དབྱར་གཞུང་གི་ཐང་ག་ཞིག་གཙག་ཆོག་ཨང

སྨུག་པ་དཀར་པོའི་གསེང་གི

ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་ལྷ་གཞི་བདག་དག

ངའི་རྒྱབ་རིར་ཇེ་མཐོ་ནས་ཇེ་མཐོ

ཆེས་མཐོ་བའི་ལབ་ཙེ་རྔམ་ཞིང་བརྗིད

དར་ལྕེ་ལྷབ་ལྷུབ རླུང་རྟ་ཡུག་ཡུག

བསང་དུད་ཀྱི་སྣེ་མོ་ལྷ་ཡུལ་ལ་འཐེན

ལྷ་ཡུལ་ནི་ངའི་མི་ཚེའི་ཁ་དོག་གཞན་ཞིག་སྟེ

དེ་ག་ཙམ་གྱིས

ང་རང་ཕ་ཡུལ་དང་བར་ཐག་ཇེ་ཉེར་གཏོང

ས་སྲོད་ལ་སླེབས་ཚེ

སྒོ་ཁྱིའི་ཟུག་སྐད་ཀྱིས་སྐར་མ་བཏུས་ཏེ

ཨ་མྱེས་ཀྱི་གནའ་གཏམ་མྱུལ་ཞིང

བྱིས་པ་ཚོའི་རྨི་ལམ་དུ་འཛུམ་ཞིང་དགོད

ཁོ་ཚོའི་རྨི་ལམ་གྱི་ཞིམ་ཤ་ཁོ་ནས

རྩྭ་ཐང་གི་མཚན་མོ་འདི་ཧ་ཅང་དྲོ

གང་ལྟར ཕ་ཡུལ་ནི་དེ་ལྟར

ངའི་དྲན་ཤིང་དུ་དམ་པོར་འཐམས་ཏེ

ང་ལ་དུས་གསུམ་གྱི་བདེ་སྡུག་དང

གྱེས་བྲལ་གྱི་ཞེན་ཆགས་ལྕི

ཨ་ཨ ཕ་ས་ཕ་ཡུལ་ལྟ་བུའི་ལྷ་ཡུལ་མི་འདུག

༢༠༡༨.༨.༣ ཕ་ཡུལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1