སྒྲུང་།(ཞར་བཀོད་བཞི)

ནག་པོ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


སྐྲ་གསེབ་ཀྱི་སྲོ་མའི་འདུ་འགོད་ཚགས་ཚུད

ལུས་སྟེང་གི་གཟེར་མ ཡུན་གྱིས་གཏིང་ཟབ་སར་བཅར

༢༠༡༨.༢.༡༨

བོར་ཟིན་པའི་རྟ་ཕོ།

སྣང་བའི་ནམ་མཁའ་རུ་རྟ་ཕོ་གློག་བཞིན་འཁྱུག

ཤོག་ངོས་ཀྱི སྨུག་སྤྲིན་ཀྱ་ཀྱུའི་ནང་གི་རྟ་ཕོ

ཡི་གེའི་གཟུགས་སུ

ངའི་མིད་པའི་སྦུབས་སུ ཁ་ཕྱོགས་མེད་པར་ཡང་ཡང་འཁྱུག

རྟ་ཕོ ཉིན་སྲིབ་བརྟོལ་བའི་རླུང་གི་གྲུ་ཤན

རིགས་སུ་གྱུར་པའི་རླབས་ཀྱི་ང་རོ

སུས་བཀག་ཀྱང་མ་ཁོགས་པའི་ཉི་ཟླའི་འཕེལ་འགྲིབ་གཞལ་མཁན

ས་གཞིའི་སྒང་དུ

ཐག་ཉེ་ས་ཞིག་ཏུ རི་རབ་དང་སྤང་ཐང་ཁྲོད

མེས་པོའི་མཆི་མའི་གསེབ་ཏུ

རྟ་ཕོ་གློ་རྡེག་ལ་བོར་སོང

ཞེད་སྣང་མཐའ་དག་ཚོར་བས་རྙེད་ཐུབ་ཀྱིན་འདུག

མཚན་མོའང་དུས་ལྟར་སླེབས

ངའི་རྟ་ཕོ རྨི་ལམ་ཐུང་ངུའི་ནང་གི་གཟི་ཁྲ་ཁྲ

ད་ལྟ་དགྲ་གཤེད་སུ་ཞིག་གིས་བདག་གིར་བཟུང་འདུག

༢༠༡༨.༡.༨

ནད་པ།

སྡིག་པའི་མེ་ཏོག་ཁ་གཏད་ཀྱི་རྔོན་པ་ཉམ་ཆུང་དེ

རླུང་གིས་ཤོག་ལྷེ་བཞིན་གང་སར་དེད་པ་ན

སྡོད་ཁང་འདིའི་ཕྱི་ནང་ཡོངས་སུ བཤང་དྲིས་ཁེངས་སོང

སྐབས་དེར་མདའ་གཞུ་ཁྱེར་ཤོག་ཅེས་སུ་ལ་ཞུ་བ་བྱས་ཀྱང

ཁྱེད་ཀྱི་མཐའ་འཁོར་དུ

སྔོན་ཆད་ལྟར་དགའ་བ་མེད་པའི་མི་རྣམས་རྡུལ་གྱི་ཕུང་བོ་རེ་རེར་གྱུར་ཏེ

སྐད་ཅིག་ལ་ཕྱོགས་སོ་སོར་འཐོར

ཡིན་ཡང ཚེ་རབས་དུ་མའི་སྐྱེ་བ་བླངས་ཏེ

ངའི་ཤི་གསོན་ལ་དོ་སྣང་བྱེད་ཀྱིན་པའི་ཁྱེད་གང་དུ་བུད་སོང

༢༠༡༨.༡.༡༣

སྒོ་མེ་ཉག་ག

སྤྲིན་པ་ལྗིད་པོ་དེ་སིལ་བུར་འཐོར་ནས

ཐག་ཉེ་སའི་རི་རྩེ་རེ་རེ་ནས་མེད་པར་གྱུར

ཉིན་གུང་གི་ཆར་ཤ་དེ་རུས་སྦལ་བཞིན་འགྲོས་དལ་ནའང

དེས་བཟོས་པའི་རྨ་ཁ་སོས་དཀའ་ཟེར

ཡོལ་བའི་ཕག་ཏུ་འུ་ཐུག་པའི་ཉི་མ་ཞིག་འཆར་འོངས

རི་སྐྱེས་རི་དྭགས་མ་བུ མོ་ཊར་འདྲོག་ཙམ་བྱས

རྣ་བ་བླགས་པའི་ནམ་མཁའ་ནི

སྔོན་པོ་ནས་སྔོན་པོ མཚོ་སྔོན་པོ་དང་འདྲ་བར་གྱུར

༢༠༡༨.༡.༡༨

བུ་མོར་སྨྲས་པ།

ཆར་བ་དེས་བསམ་དབང་དྲན་དབང་མེད་པར་མཐོང་ལམ་ཡོངས་སུ་སྦངས་རྗེས

སླར་ཡང་ཤུགས་ཆེན་པོས་ཕྱོགས་ཆ་མེད་ཅིག་ཏུ་སླེབས

ཆར་ཞོད་དེ་མ་སླེབས་པའི་སྔ་རོལ་ཏུ

ཕོན་ཆེ་བའི་མེ་ཏོག་ཚོམ་བུ་དེ ཁྱེད་ལ་གནང་དགོས་སྙམ

པད་མའི་དྲིས ཀུན་ཏའི་དྲིས རེ་ལྕག་གི་དྲིས

བསུང་ངད་ཀྱིས་གཏམས་པའི་མགུལ་རྒྱན་ནམ་ཞྭ་མོ གཞན་ཅི་ཞིག་སླེ་ནའང་ཧ་ཅང་ཡག་སྙམ་བྱུང

ཡང་ན་ཅི་ཡང་མ་བསླེས་པར རླན་གཤེར་གྱི

མཛེས་པའི་ཁ་དོག་འདི་སྙིང་ཉེ་བའི་ཁྱེད་ལ་གནང་དགོས་སྙམ

དུས་ད་ལྟ ཆར་ཆུས་བྲན་པའི ཤི་རྨས་ཟིན་པའི་རྩྭ་ལྡུམ་འདི་དག

གཉིད་ཁུགས་པ་བཞིན་མགོ་བོ་སྨད་འདུག

ཚེ་ཡི་འདུ་འབྲལ ཉམས་སྣང་འདིས་གསལ་བཤད་གནང་གི་རེད

ལག་པ་ཆུང་ཆུང་དེ་ཕར་བསྲིངས་ན་རེག་ཐུབ་པ་ནི་མི་རྟག་པའོ

༢༠༡༨.༢.༡༤


རྩོམ་ཡིག་རྗེས་མ།
ནས་འབྲུ་རྡོག་གཅིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1