མི་ལོ་སུམ་ཅུ།

ཐོ་རེངས།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


དུས་ཚོད་ལ་རྐང་རྗེས་མེད་པ་བཞིན

མི་ལོ་སུམ་ཅུར་ཡང་གཟུགས་སྒྲ་དྲི་རོ་མི་འདུག

ད་ལྟའི་བར སྐད་ཆ་ཁ་ཤས་ཀྱིས་ང་འཁུར་ནས་འོང

མགྲིན་པར་ལུས་པའི་ཐ་སྙད་ཀྱི་ཚོགས་ཤིག ད་ལྟའང་རྟག་ཏུ་ངུ

རྨི་ལམ་གྱི་ཁྲག་རྒྱུན་བསྐམས་ཚར་བས

ང་རྡོ་བ་ཁ་ཤས་ཀྱི་རྗེས་སུ་རྒྱུག་སྟེ ལྷིང་འཇགས་འགམ་ནས་འགོར

ཁྱེད་ཀྱི་ཟླ་འོད་དང་ཆུ་ཕྲན སྐར་ཚོམ་སོགས

མི་ལོ་སུམ་ཅུའི་གྱང་ལྡེབས་སུ་བརྐོས་ཟིན་ཡང ངས་ནི་བལྟ་བར་མི་བཟོད

ང་ཚོ་ཕན་ཚུན་ལ་ཅེར་ནས་བསྡད་དེ

འཆི་བདག་གིས་བསྐུར་བའི་འཕྲིན་ཡིག་དེའི་ཁ་འབྱེད་མ་ཕོད་པ ཧ་ཅང་སྐྱོ

ཁྱིམ་ནང་ལ་ཡར་ཕེབས་ཤོག་ཟེར་མཁན་དེ་ནི

བུ་གཉིས་ཀྱི་ཨ་མ་ཞིག་ཡིན་མོད

ངས་ཆུང་མ་ཞེས་སྡིགས་ས་ཞིག་ཏུ་བརྩིས་ཚར

ཨུ་ཚུགས་ཆེན་པོས་འཚོ་བའི་བང་རིམ་གཏོར་ཡང

མུན་པའི་རྒྱབ་ཏུ་འབར་བའི་བདེན་པ་ཉག་ཅིག་ནི ལང་ཚོ་ཁོ་ནའོ

ངས་རང་ཉིད་གཏིང་ཟབ་ས་ཞིག་ལ་བསྐུངས་ནས་ཡོང་བ་ཡིན

ཁེར་རྐྱང་ཁོ་ན་ལས དོན་སྙིང་གཞན་ཅི་ཡང་མ་མཐོང

ང བརྩེ་དུངས་དང་བཅར་ཐུབ་མི་འདུག

ང བདེན་དོན་དང་བཅར་ཐུབ་མི་འདུག

རྨི་ལམ་ནང་བཞིན གནས་ཤིག་ལ་ཅིས་ཀྱང་ལོག་དགོས་བསམས་ཏེ

དེ་ནི་ཕ་མེས་ཀྱི་རུས་རྐང་ཐིམ་སའི་བླ་མཁར་དང་ཕ་ས་ཡིན་པ་བསྙོན་དུ་མེད

མི་ཚེ་ནི་འཐབ་འཛིང་ཞིག་གི་མགོ་བརྩམས་པ་དང་འདྲ

མི་ལོ་སུམ་ཅུ་ནི་འཐབ་འཛིང་དེའི་ཁྲོད་ཀྱི་རང་ཡུལ་མེད་པའི་དཔའ་རྒོད་དེའོ

སང་ཉིན་ནི་སྨིག་རྒྱུ་ལྟ་བུའི་དུས་ཚོད་ཀྱི་གྲོང་ཁྱེར་ཞིག་ཡིན་སྲིད་ཀྱང

སྐད་ཡིག་དང་བླ་སྲོག འདུ་ཤེས་ནི་ཉམས་པ་མེད་པའི་གངས་ཀྱི་དཔུང་བ་ཡིན་པ

ཁྱེད་ཀྱིས་ཡིད་ཆེས་བྱས་ཆོག

རྗེས་སུ ངས་དེ་རིང་གི་ཉིན་མོ་འདི་དྲན་ངེས་རེད

ཡིན་ནའང ངས་རང་ཉིད་ཉར་ཚགས་བྱ་འདོད་གཏན་ནས་མེད

ཁྱེད་ཀྱིས་འབྲོང་རྒོད་དང་རྟ་ཕོ བྱ་གླག་སོགས་བྲིས་མྱོང་བ་བཞིན

ངས་ཀྱང་ཁེར་རྐྱང་དང་ཡི་མུག མི་སྡུག་པ་སོགས་རུམ་ནས་འོངས་པ་ཡིན

ང་ལ་སྐྲ་དཀར་ཉག་མ་ཁ་ཤས་ལས་ཅི་ཡང་མེད

དེ་ནི་གངས་རིའི་ཁ་དོག་ལས་བཞུར་བའི་འོད་ཟེར་གྱི་ཚོམ་ཞིག་ཡིན

མི་ལོ་སུམ་ཅུ

ངས་རང་ཉིད་ནི་ཁ་གྲག་མི་ཤེས་པའི་ཁེར་རྐྱང་གི་རྡོ་བ་ཞིག་ཡིན་པ་ཚོར

གྲིབ་མ་རིང་བོ་ཞིག་གིས ང་ཡི་གཞོན་པའི་རྨི་ལམ་ཡོངས་སུ་བཅོམ

ས་རུབ་ཐེངས་རེར ངས་ཁྱེད་ཀྱི་ལུག་ཁྱུ་དང་ལ་གཞས་དྲན་ནས་མཆི་མ་བཏང་མྱོང

བཙའ་ཡིས་ཟིན་པའི་ལྡེ་མིག་དེས

ཉིན་མཚན་དབྱེར་མེད་དུ་སྒོ་མོ་ཞིག་ཕྱེས་འོངས་པ་ཡིན

འོ དེའི་མིང་ལ་འཁོར་བ་ཟེར་རམ

མེ་ལོང་ནང་གི་ང་ལ གཅེར་བུ་འབོད

འཚོ་བའི་ནང་གི་ང་ལ སྨྱོན་པ་འབོད

མི་ལོ་སུམ་ཅུའི་ས་སྲོད་ཅིག་ལ

གངས་རྡུལ་གྱིས་བསྲུབས་པའི་དུར་རྡོ་ཞིག་ལས་དགེ་ཆོས་དང་མཇལ

ང་ཁོང་གི་ཆེད་དུ ངུས་ཤིང་སྨྱོས་ནས་འོང་བ་ཡིན

འཚོ་བ་ནི་མདུད་པ་ཞིག་རེད སྡུག་བསྔལ་ནི་མདུད་པ་ཞིག་རེད

མི་རེ་རེ་ཡང་མདུད་པ་ཞིག་རེད ང་ཡང་མདུད་པ་དེ་ལས་བགྲོད་ཐུབ་མ་བྱུང

ང་རང ཁུ་སིམ་སིམ་གྱི་ཁྲོད་རྒས་སོང

གཞན་གྱི་པགས་འཛུམ་ལ་བལྟས་པས ལམ་གྱི་སྣེ་མོ་དེ་བོར་འདུག

དབྱངས་གསལ་གྱི་བདུད་རྩི་ཁོ་ནས

ང་ཡི་རྣམ་ཤེས་བཟི་རུ་འཇུག་ཐུབ

སློང་མོ་བ ཁྱེད་དང་འུ་གཉིས་ཀྱི་མི་འདྲ་སའང་འདི་རེད

འཇིག་རྟེན་ལ་གཟེབ་མང་པས ང་མུན་པ་དང་ཁེར་སྡོད་ལ་གོམས་ཀྱིན་ཡོད

རང་སེམས་ན་ལྷ་འདྲེ་མང་པས ང་ཆགས་སྲེད་དང་འདོད་རྔམ་ལ་ཞེན་གྱིན་ཡོད

མི་ལོ་སུམ་ཅུ་ནི དུས་ཚོད་ཀྱི་རྨ་ཁ་ལས་བཞུར་བའི་ཁྲག་གི་གཙང་པོ་ཞིག

མི་ལོ་སུམ་ཅུ་ནི ཐ་སྙད་དང་ཚོར་ཤེས་ཀྱི་གྲུ་གཟིངས་བསྐྱོད་པའི་ཀླུང་ཆེན་ཞིག

ང་ཡི་མགྲིན་པར་ལུས་པའི་གསེར་གྱི་སྒྲོག་གུ་དེའི་མིང་ལ

སྙན་ངག་ཅེས་བྱ

ངའི་ནམ་མཁའ་དང་ས་གཞི ངའི་བླ་དང་སྲོག་ནི་འདི་ཉིད་ཡིན

ངས་འཆི་བདག་ལ་ལགས་སོ་ཟེར་གྱིན་ཡོད ངས་ཁེར་རྐྱང་ལ་ལགས་སོ་ཟེར་གྱིན་ཡོད

དེ་ནི་ང་གྲུབ་བྱེད་དང་ཐར་བྱེད་ཡིན་པས་སོ

སྐྱེ་བ་འདིར ངས་རང་སེམས་རྡོ་གོར་མོ་ཞིག་ལ་བཅོལ་ཟིན

རྡོ་ལས་ལྷག་པའི་སྙིང་ཉེ་བ་ཞིག་གང་དུའང་རྙེད་རྒྱུ་མེད

མི་ཚེ་སྟོན་ལ་སླེབས་དུས བློས་མི་ཐོངས་པ་ཅི་ཞིག་ཡོད

མི་སྡུག་པའི་གདོང་གཤིས་དེ་དག་ལའང མཛེས་སྡུག་གི་མདངས་ཤིག་མངོན་ནས་འོངས

སྐྱོ་ངལ་གྱི་སྡོམ་རྒྱ་དེས

ང་རང་སྡོམ་གྱིན་སྡོམ་གྱིན་ཤོག་ངོས་ཤིག་ལ་བྲིས་ཚར

ཤོག་ལྷེ་དེ་གནས་གང་ཞིག་ལ་འཁྱར་འགྲོ་འམ

མིག་རྡེབ་ཙམ་གྱིས མི་ལོ་སུམ་ཅུའི་མྱ་ངམ་ཐང་ཞིག་ལ་སླེབས་འདུག


རྩོམ་ཡིག་སྔོན་མ།
སྣང་བ་ཞིག་ལ།
རྩོམ་ཡིག་རྗེས་མ།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1