ཤང་གྲོང་གི་ས་གཞི་ཆེན་པོར་དྲང་ནུས་ཀྱི་དཔལ་ཡོན་གང་ལེགས་བཞད་པར་བྱེད་།
ཝང་ལའེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཐོག་ཤང་གྲོང་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་བཏོན་ནས“ཐོན་ལས་ཡར་འཕེལ་དང་། འབྱུང་ཁམས་གནས་འཕྲོད། ཤང་གྲོང་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འབྱུང་ཁམས་གྲ་རྒྱས”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་བླང་བྱ་བཏོན་གནང་ཡོད། ཤང་གྲོང་དར་རྒྱས་མངོན་འགྱུར་ཡོང་བའི་བརྒྱུད་རིམ་ནང་། ང་ཚོས་གྲོང་གསེབ་ཀྱི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་ལ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུར་ཡང་མཐོང་ཆེན་བྱེད་དགོས་ཤིང་། དེ་གཉིས་དབར་གྱི་རྩོད་སྒྲུབ་འབྲེལ་བར་རྒྱུས་མངའ་གཏིང་ཟབ་ལོན་པ་བྱེད་དགོས་པ་མ་ཟད། ལྷག་པར་དུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུར་ཤང་གྲོང་དར་རྒྱས་གཏོང་བའི་འཐབ་འཇུས་ཁྲོད་དུ་གལ་ཆེའི་དོན་སྙིང་ལྡན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། དེས་ན། 2017ལོའི་ལོ་གཞུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲའུ་གྲོང་ཁྱེར་དུ་རྟོག་ཞིབ་ལ་ཕེབས་སྐབས། “ཤང་གྲོང་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ཀྱི་ཁྲོད་ཞིང་པའི་སྦ་ཁུག་ནང་གི་དངུལ་སྨར་མང་ཉུང་ཅི་ཡོད་གཅིག་པུར་བལྟས་ནས་མ་བསྡད་པར་ཞིང་པའི་སེམས་ཁམས་ཇི་ལྟར་ཡིན་མིན་ཐད་ལའང་དོ་སྣང་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་གལ་ཆེའི་མཛུབ་སྟོན་གནང་བ་འདིས་ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་རྒྱུར་མཐོང་ཆེན་ཚད་མེད་གནང་ལུགས་མཚོན་ཡོད་ལ། རྒྱ་ཆེའི་མང་ཚོགས་ལ་བཅངས་པའི་མཛའ་བརྩེའི་གཟིགས་སྐྱོང་གནང་བའང་མངོན་པར་བྱས་ཡོད། དེ་ནི་ང་ཚོས་དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་རྒྱུའི་ལས་ཀའི་རྩ་བའི་སྲུང་རྩི་ཞུ་ས་ཞིག་ཀྱང་རེད།
“འབྲུ་རིགས་འབེལ་ན་གུས་ལུགས་རྟོགས། ལྟོ་གོས་འཛོམས་ན་ཁྲེལ་གྲགས་ཤེས”ཞེས་པ་ལྟར། དུས་རབས་གསར་པའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བར་ཤང་གྲོང་གི་ཤེས་དཔལ་དང་ཁ་བྲལ་ཐབས་མེད་ལ། དུས་རབས་གསར་པའི་ཤང་གྲོང་དར་རྒྱས་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་བར་ཞིང་པ་དུང་ཕྱུར་ཁྲི་ཕྲག་མང་པོའི་ཟུངས་ཤུགས་དང་ཡང་ཁ་བྲལ་ཐབས་མེད་པ་ཞིག་རེད། དེར་བརྟེན་རང་གྲོང་ཁྱེར་གྱི་ཤང་གྲོང་རྡལ་ཁག་གིས་ཧུར་བརྩོན་ཆེན་པོས་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། མུ་མཐུད་ནས་སྲོལ་ངན་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་བྱེད་སྒོ་དར་སྤེལ་གཏོང་བ། ནུས་ལྡན་ངང་ཞིང་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་བཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། དབུལ་སྐྱོར་ས་ཁུལ་གྱི་དབུལ་གྲོལ་གནད་སྨིན་གྱི“བསམ་པའི་ཞན་ཆ”ཁ་གསབ་བྱེད་པ་སོགས་ལ་དམིགས་ཏེ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་རྒྱུའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད་དེ། ཅི་ཀྲོའུ་ཆུས་ཀྱི་ལུའོ་ཀྲོང་ཙེ་གྲོང་རྡལ་ཡང་ཅཱ་ཡུས་གྲོང་ཚོས“མལ་ཆས་ཉི་སྐམ”གཏོང་བའི་འགྲན་བསྡུར་སྤེལ་བ་བརྒྱུད་རྒན་བཀུར་རྒན་གཅེས་ཀྱི་དེང་རབས་ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་བ་དང་། ཞི་ཆིན་ཆུས་ཀྱི་ཏཱ་ཧྲི་གྲོང་རྡལ་ཝང་གྲོང་ཚོས“རང་རྒྱལ་གྱི་གནའ་བོའི་རིག་གནས་སློབ་ཁང་”གི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་ཧྭ་ཡི་ཡ་རབས་ཀུན་སྤྱོད་རྒྱུན་འཛིན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱས་པ། ཝུའུ་ཆིང་ཆུས་ཀྱི་ཏ་མོང་ཀྲོང་གྲོང་རྡལ་ལིའུ་ཀྲོང་གྲོང་ཚོས“ཡ་རབས་ཀྱི་ཁྱིམ་ཚང་”དང་“སྐར་བཅུ་རིམ་པའི་ཡ་རབས་ཁྱིམ་དུད”“ཁྱིམ་སྲོལ་དང་ཁྱིམ་ཚང་བསླབ་སྡོམ”འཚོལ་བསྡུ་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཁྱིམ་ཚང་གི་ཡ་རབས་སྤྱོད་བཟང་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་ཐུབ་པ། ཚའོ་ཙེ་ལི་གྲོང་རྡལ་གྱིས“བཀག་སྡོམ་ལྔ་དང་ཚོད་འཛིན་ལྔ”ཡི་གཏན་འབེབས་བཟོས་པ་བརྒྱུད་ཤེས་དཔལ་གྲོན་ཆུང་ལྡན་པའི་དར་སྲོལ་གསར་བཙུགས་བྱས་པ། པའེ་ཁྲེན་ཆུས་ཀྱི་ཞི་ཐི་ཐུའོ་གྲོང་རྡལ་ཏུང་ཀྲའོ་ཀྲོང་གྲོང་ཚོས་ཏང་ཡོན་དང་ཏང་ཡོན་ཁྱིམ་ཚང་གི“དམ་བཅའ་གཉིས་ལྡན”གྱི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཚོ་ཡོངས་སུ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཙུགས་པ་བཅས་བྱས་པ་རེད། ད་ཆ་གྲོང་མི་རྣམས་ནས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཁྲིད་སྟོན་དུ་བྱས་ཏེ་ཀྲུང་ཧྭ་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་། དེང་རབས་ཀྱི་བཅོས་སྐྱོང་ཤེས་དཔལ་བཙུགས་པ་བཅས་བྱས་པས་ཤང་གྲོང་གི་ས་གཞི་ཆེན་པོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་བཞིན་དྲང་ནུས་གང་སར་སྨིན་ཅིང་གང་སར་ཁྱབ་ཐུབ་པ་བྱུང་ཡོད།
ཤང་གྲོང་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དང་ཤང་སྲོལ་ཤེས་དཔལ་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནི་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དེས་ན་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་ཞིང་པ་ཏང་ཡོན། དེ་བཞིན་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ཚོགས་ཆུང་གི་ཏང་ཡོན་ལས་བྱེད་པ་བཅས་ནས་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུ་གཅིག་འགྲིལ། མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་བཅས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློར་བཅིངས་བཀྲོལ་དང་། བློ་སྟོབས་ཡར་འཕེལ། ཕྱུག་འགྱུར་གྱི་རྩལ་ནུས་དང་འཇོན་ཐང་མཐོ་རུ་གཏོང་བ། ཕྱར་བ་གྲུ་འདེགས་ཀྱིས་ཤང་གྲོང་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ཀྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ནས་ཞིང་པ་མང་ཚོགས་རྣམས་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཁྲོད་དུ་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་མཐོ་རུ་གཏོང་དགོས་ཤིང་། དཔའ་ངར་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་རྒྱུར་སྲ་ཞིང་བརྟན་པའི་བསམ་པའི་འགན་སྲུང་དང་སྟོབས་ཆེའི་སེམས་ཤུགས་མཁོ་འདོན་ བྱེད་དགོས།
གུང་ཐང་བསྟན་འཛིན་ནོར་བུས་བསྒྱུར།