ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གཏོང་རྒྱུའི་ལམ་བུ་མཐའ་འཁྱོངས་བྱེད་དགོས།

ལྗོངས་ཏང་ཨུད་ཆབ་སྲིད་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཞིབ་འཇུག་ཁྲུའུ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཤང་གྲོང་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར་དོན་འཁྱོལ་གྱིས། དུས་རབས་གསར་པའི་ཞིང་གྲོང་གི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་ཐབས་ཇུས་གསར་པའི་སྒོ་མོ་ཕྱེ་དགོས་པའི་བླང་བྱ་སྟོན་པ་ལྟར། སྤྱི་ལོ་2017ལོའི་ཀྲུང་དབྱང་ཞིང་གྲོང་ལས་དོན་ཚོགས་འདུའི་ཐོག་ཁྱོན་ཡོངས་ནས་ཞིང་གྲོང་འཕེལ་རྒྱས་ལག་བསྟར་གྱི་ཐབས་ལམ་སྲིད་ཇུས་བཀོད་སྒྲིག་བྱས་ཡོད་ཅིང་། འདི་ནི་ཏང་ཀྲུང་དབྱང་གིས་ཅན་བཞི་མཉམ་སྐྱོད་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་དམིགས་པའི་གལ་ཆེའི་བཀོད་སྒྲིག་ཅིག་ཡིན་ལ། ཞིང་གྲོང་གི་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མྱུར་བ་དང་ཞིང་པ་དུང་ཕྱུར་མང་པོའི་ཐོབ་ཆ་གོང་མཐོར་བཏང་ནས་བདེ་སྐྱིད་ཀྱི་ཚོར་བ་སྐྱེས་སུ་འཇུག་དགོས་པ་མ་ཟད། ཞིང་གྲོང་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་རྒྱུའི་ལྡོག་མེད་ཀྱི་བླང་བྱ་སྟོན་ནས། དུས་རབས་གསར་པའི་ཞིང་གྲོང་གི་ཞིང་ལས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཙོ་གནད་དང་ཁ་ཕྱོགས་གསལ་སྟོན་གནང་བ་ཞིག་ཡིན། དེ་ཡང་བོད་ལྗོངས་ནི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་ལ།དཔལ་འབྱོར་གྱི་ཆ་རྐྱེན་དབུལ་ཁར། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མའི་ས་ཁུལ་ཞིག་ཏུ་གྱུར་ཡོད་པས། ནུས་ཤུགས་ཡོད་རྒུས་ཞིང་གྲོང་དར་རྒྱས་ཀྱི་འཐབ་ཇུས་མགྱོགས་མྱུར་ལག་བསྟར་བྱེད་རྒྱུ་དེ་། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་བཅས་མངོན་གྱུར་ཡོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད།

དེ་ཡང་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་བདེ་འཁོད། དམངས་སྲོལ་དཔལ་ཡོན། བཅོས་སྐྱོང་གོ་རིམ་ལྡན་པ། འབྱོར་ཕྱུག་ལྡན་པའི་འཚོ་བ་བཅས་ཀྱི་དགོས་མཁོ་དང་རེ་བ་གཞིར་བཟུང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། རང་འགུལ་ངང་དོན་འཁྱོལ་དམ་བཟུང་གིས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཏང་ལེགས་སྐྱོང་བཅས་བྱས་ནས། འབད་བརྩོན་ཆེན་པོས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཤང་གྲོང་དར་རྒྱས་ལམ་བུར་སྐྱོད་དགོས།

དེ་ཡང་ཤང་གྲོང་དར་རྒྱས་ལམ་དུ་སྐྱོད་པར། འགག་རྩ་ནི་ཐོན་ལས་དར་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཞིང་། ཐོན་ལས་དར་ན་ད་གཟོད་གྲོང་གསེབ་འཕེལ་རྒྱས་སུ་འགྲོ་ཐུབ་ལ། དཔལ་འབྱོར་དར་ན་ད་གཟོད་མི་འབྲེལ་ཇེ་ཡངས་སུ་གྱུར་སྲིད་པས། ཞིང་འབྲོག་ཁུལ་སྒྱུར་བཅོས་གཏིང་ཟབ་གཏོང་དགོས་རྒྱུ་དེ་བསྒྱུར་བཅོས་ལ་རག་ལས་ཤིང་། ཇི་ཙམ་བཅོས་ན་དེ་ཙམ་བཟང་བ་དང་ཇི་ཙམ་བཅོས་ན་དེ་ཙམ་དོན་དངོས་དང་མཐུན་ལ། ཇི་ཙམ་བཅོས་ན་དེ་ཙམ་མང་ཚོགས་ལ་ཕན་ནུས་ཆེ་བ་ཡོང་ཐུབ། ཞིང་འབྲོག་ལས་ཀྱི་མཁོ་འདོན་གྱི་སྒྲིག་གཞིའི་རང་བཞིན་བཅོས་བསྒྱུར་གཏིང་ཟབ་ཡོང་བ་བྱེད་རྒྱུ་དང་། ཞིང་འབྲེལ་གྱི་ཁྱབ་ཁོངས་སུ“དབང་ཆ་གཤམ་སྤྲོད་དང་དོ་དམ་བརྩི་སྲུང་བྱེད་པའི”བསྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ། ཤང་གྲོང་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྲིད་ཇུས་མཁོ་སྤྲོད་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་སྦྱིན་ཐུབ་པ་བྱེད་དགོས། དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར། ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་སྒྲིག་བཀོད་བྱས་ཏེ། སྤུས་ཚད་མཐོ་བའི་ཞིང་འབྲོག་ལས་ཀྱི་ཐོན་རྫས་མཐོར་འདེགས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་གོང་མཐོར་གཏོང་ཚེ། ཁྱད་འཕགས་དགེ་མཚན་གྱི་རྐང་པ་བརྟན་པོར་བཙུགས་ཐོག་གྲོང་སྡེ་དར་རྒྱས་གཏོང་བའི་རྫོང་སྟོབས་ལྡན་དང་“རྫོང་གཅིག་ལ་ཐོན་རྫས་གཅིག”དང་“ཤང་གཅིག་ལ་ཐོན་རྫས་གཅིག”གི་བྱེད་སྒོ་དོན་འཁྱོལ་དང་། འབྲུ་རིགས་དང་འབྲི་གཡག བཞོན་མ་དང་བོད་ལུག བོད་ཕག་དང་གཟན་རྩྭ་ལ་སོགས་ཁྱད་ལྡན་ཐོན་ལས་རྣམས་ཧུར་ཐག་འབད་ཐག་གིས་འཕེལ་རྒྱས་གཏོང་དགོས་ལ། ཐོན་རྫས་ཡུན་གནས་དང་ཟུར་སྣོན་རིན་ཐང་མཐོར་འདེགས། བྲིན་ཚོང་ཡོང་རྒྱུ་སོགས་གང་ས་ཅི་ཐད་ནས་ཤུགས་སྣོན་བརྒྱབ་ཏེ། སྤུས་ཚད་མཐོ་ལ་ཀུན་གྱི་དགའ་བསུ་ཐོབ་པའི“བོད་ལྗོངས་རྟགས་ཅན”གྱི་ཚོང་རྟགས་གཏོད་དགོས་པ་ཡིན། ཐོན་ལས་གསུམ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། ཞིང་ལས་དང་ནགས་ལས།འབྲོག་ལས་རིགས་གཙོ་བོར་གྱུར་པའི་ཐོན་ལས་དང་པོ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་གཙོ་བོར་གྱུར་པའི་ཐོན་ལས་གཉིས་པ། ཡུལ་སྐོར། སློབ་གསོ། རིག་གནས། བདེ་ཐང་སོགས་གཙོ་བོ་གྱུར་པའི་ཐོན་ལས་གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་འབྲོག་ལས་ལ་ལྟ་སྐོར་དང་བཙས་མ་བརྔ་བ། ཞིང་འདེབས་ཀྱི་ལས་མྱོང་བ། ཤང་གྲོང་གི་ཡུལ་སྐོར་བཅས་ཞིང་འབྲོག་ལས་གཅིག་རྗེས་གཉིས་མཐུད་མངོན་གྱུར་ཡོང་བ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས“རི་ཁའི་ལྟོ་རྟེན་རི་ནས་འཚོལ། ཆུ་ཁའི་ལྟོ་རྟེན་ཆུ་ལས་འཚོལ། ནགས་ཁའི་ལྟོ་རྟེན་ནགས་ནས་འཚོལ”ཐུབ་པ་བྱས་ཏེ་ཡུལ་སྐོར་གྱི་ཟ་མ་བཟའ་ཐུབ་པ་བྱེད་དགོས། འཕེལ་རྒྱས་ཀྱི་གཞི་ཁྱོན་འོས་འཚམ་གྱིས་གཉེར་སྐྱོང་བྱེད་རྒྱུར་སྐུལ་ལྕག་དང་། ཁེ་ཆེ་ན་གྱོང་ཆེ་བ་དང་ཁེ་ཆུང་ན་གྱོང་ཆུང་བ་མཐའ་འཁྱོངས་དང་། ཞིང་འབྲོག་ལས་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོ་གསོ་སྐྱོང་དང་ཞིང་ལས་ཐོན་སྐྱེད་ཆུང་བ་གཞོགས་ནས་སྐྱོར་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། བོངས་ཆེ་བའི་འདེབས་གསོ་དང་ཁྱིམ་ཚང་འབྲོག་སྡེ་གསོ་སྐྱོང་། ཞིང་འབྲོག་མཉམ་ལས་ཁང་སོགས་གྲུབ་ཆ་གཙོ་བོ་གསར་པ་གཉེར་སྐྱོང་དང་དུས་མཚུངས་རྒྱུན་ཆད་མེད་པར་སྲོལ་རྒྱུན་ཁྱིམ་ཚང་གཉེར་སྐྱོང་གི་ནུས་པ་དང་ཆུ་ཚད་ཀྱང་ཧུར་བརྩོན་གྱིས་གསོ་སྐྱོང་བྱེད་དགོས། ཤང་གྲོང་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར། སྣོད་བཅུད་བདེ་འཁོད་ནི་འགག་རྩ་ཡིན། ཤང་གྲོང་དར་རྒྱས་སུ་གཏོང་བར་དཔལ་འབྱོར་ཁོ་ནའི་དར་རྒྱས་མིན་ཏེ། དེའི་ནང་སྡོད་གནས་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་གི་ལེགས་བཅོས་ཀྱང་ཚུད་ཡོད། འབྱུང་འཕྲོད་གོང་འཕེལ་གྱི་སྣེ་ཁྲིད་འོག་ཤང་གྲོང་དར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། མང་ཚོགས་འབྱོར་ཕྱུག་ལྡན་ལ་སྣོད་བཅུད་མཛེས་ཤིང་སྡུག་པ་གཉིས་གཅིག་མཐུན་ངང་མངོན་གྱུར་ཡོང་བ་བྱེད་དགོས།

ཞིང་འབྲོག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཤུགས་ཆེན་གཏོང་བར། “སྔོ་ལྗང་གྱི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་ལ་ཁ་བས་བཀླུབས་པའི་རི་ཀླུང་དག་ཀྱང་གསེར་རི་དངུལ་ཡིན”པའི་འདུ་ཤེས་བརྟན་པོར་བཙུགས་ཐོག རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་སྲུང་སྐྱོང་གིས་རི་ཆུ་ནགས་གསུམ་དང་མཚེའུ་ཞིང་རྩ་གསུམ་གྱི་མ་ལག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་“ཆུ་བཞི་གཙང་གཉིས”ཀྱི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དམངས་ཡོངས་ཀྱིས་རྩྭ་འདེབས་ཤིང་འཛུགས་རྒྱལ་ཁོངས་སྔོ་འགྱུར་ལས་ལ་འབད་དེ། འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་འདིར་སྲུང་སྐྱོང་ནན་པོ་བྱེད་དགོས། ཤང་གྲོང་སྔོ་ལྗང་དཔལ་འབྱོར་དང་འབྲས་ཤིང་དཔལ་འབྱོར། ལྗང་མདོག་སྐྱེ་ལྡན་གྱི་གསོ་སྤེལ་ལས་རིགས་བཅས་ཧུར་ཐག་གིས་གོང་འཕེལ་གཏོང་བ་དང་དུས་མཚུངས་ལྗང་མདོག་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུའི་མཁོ་འདོན་སྔར་བས་ལེགས་པ་ཡོང་བ་བྱས་ཏེ། གྲོང་གསེབ་སྣོད་བཅུད་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་དགོས་ཤིང་། སྣོད་བཅུད་དང་དཔལ་འབྱོར་གཉིས་འཁོར་རྒྱུག་ལེགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཡིད་འོང་གི་ཤང་གྲོང་འཛུགས་སྐྲུན་ཤུགས་ཆེར་གཏོང་བར། ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་ལས་བྱའི་འཆར་གཞི་ལག་བསྟར་དོན་འཁྱོལ་དང་། ཞིང་འབྲོག་ཁུལ་གྱི་དམིགས་བསལ་ཁོར་ཡུག་གནད་དོན་ལེགས་བཅོས་དང་། ཞིང་འབྲོག་ཁུལ་གྱི་“སྤྱོད་ཁང་གསར་བརྗེ་”བརྟན་པོའི་ངང་གོང་དུ་སྤེལ་ཏེ། མཛེས་སྡུག་ལྡན་པའི་བདེ་སྡོད་བདེ་གཉེར་གྱི་ཤང་གྲོང་ཞིག་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྐྱིན་གསབ་གྱི་སྒྲིག་སྲོལ་འཐུས་ཚང་དང་འཛུགས་སྐྱོང་གིས་རྨོ་ཞིང་དང་རྩྭ་ཐང་། ནགས་ཚལ། བརླན་ས། ཆུར་སྐྱེས་སྐྱེ་དངོས་སོགས་ཀྱི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ཤིང་། དེ་བས་མང་བའི་ཞིང་འབྲོག་པར་སྣོད་བཅུད་སྤྱི་ཕན་ལས་གནས་འཁོ་འདོན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མང་ཚོགས་ལ་གྱོང་གུན་མི་ཕོག་པ་གང་ཞིག་དངོས་གནས་དྲང་གནས་ཀྱི་ཁེ་ཕན་རག་པ་བྱས་ཏེ། ཞིང་འབྲོག་མང་ཚོགས་ལྗང་མདོག་བར་སྟོང་གི་ལྟ་སྐྱོང་ མཁན་དུ་འགྱུར་བ་བྱེད་དགོས།

ཤང་གྲོང་དར་རྒྱས་ཡོང་བའི་འགན་སྲུང་ནི་དམངས་སྲོལ་དཔལ་ཡོན་ཡིན། ཤང་གྲོང་དར་རྒྱས་ཡོང་བར་ཕྱི་དངོས་པོའི་དཔལ་ཡོན་ཙམ་མ་ཟད། ནང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དེ་བས་ཀྱང་གལ་ཆེ། ཞིང་འབྲོག་ཁུལ་གྱི་སྙིང་སྟོབས་དང་གོང་བུ་འགྲིལ་ཤུགས་ཡར་རྒྱས་དང་སྤྱི་ཚོགས་གོམས་སྲོལ། གྲོང་སྡེའི་དཔལ་ཡོན། ཁྱིམ་སྲོལ་བཟང་པོ། ལྷད་མེད་དམངས་སྲོལ་སོགས་ཤེས་དཔལ་གྱི་རྣམ་པ་གསར་པ་ཆགས་པ་བྱེད་དགོས། ཤང་གྲོང་གི་ཤེས་རིག་གི་དཔལ་ཡོན་གཏིང་ཟབ་ངང་སྤེལ་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་སྙིང་སྟོབས”“ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་པ” “སྣང་ཆེན་བཞི་དང་དགའ་ཞེན་བཞི”བཅས་པ་བརྗོད་གཞིར་བྱས་པའི་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་“སྐར་རིམ་ཡ་རབས་ཁྱིམ་ཚང་”དང་“སྔོན་ཐོན་གཉིས་དུད་མཉམ་སྦྲེལ”སོགས་ཀྱི་དཔྱད་འདེམས་བྱེད་སྒོ་དག་གཏིང་ཟབ་ངང་སྤེལ་དགོས། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། སྒེར་གྱི་སྤྱོད་ལམ་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཞིང་འབྲོག་ཁུལ་གྱི་བསམ་པའི་ཧུར་བརྩོན་ཆེར་བསྐྱེད་ཀྱིས། བློ་སེམས་བརྟན་པོས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན་ཞིག་ཆགས་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་དང་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་སྟངས་དང་བྱེད་ཕྱོགས་གསར་གཏོད་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དབར་ཕན་ཚུན་གཞི་མཐུན་གྱི་སྣེ་འཁྲིད་ཐུབ་པ་བྱས་ཏེ། མི་རིགས་ཁག་འགྲོ་འོང་སྤེལ་རེས་སྐུལ་འདེད་དང་ཤང་གྲོང་དར་རྒྱས་ཁྲོད་ཀྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་ལྟ་བ་བརྟན་པོ་བཙུགས་ཐོག མི་རིགས་གྱོན་ཆས་སོགས་པའི་མངོན་མིན་རིག་གནས་ཤུལ་བཞག་དག་གཏིང་ཟབ་ཀྱི་སྔོག་འདོན་དང་། ལྷ་མོའི་ཁྲབ་གཞུང་དང་གེ་སར་སྒྲུང་གི་སྒྱུ་རྩལ་སོགས་པའི་རིག་གནས་རྣམ་པ་དག་རྒྱུན་འཛིན་དང་། ཡུལ་ཕྱོགས་རིག་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་རིག་གནས་ངོས་འཛིན་གོང་འཕེལ་དང་། ཀྲུང་གོའི་ཁྱད་ཆོས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནན་ཏན་གྱིས་རྒྱུན་མ་ཆད་པ་བྱེད་དགོས།

ཤང་གྲོང་དར་རྒྱས་ལམ་དུ་བསྐྱོད་པར། དོ་དམ་འཐུས་ཚང་དུ་གཏོང་རྒྱུ་ནི་རྨང་གཞི་ཡིན། ཤང་གྲོང་དར་རྒྱས་ཡོང་བར་ངེས་པར་དུ་རྒྱུན་འཁྱོངས་དང་རང་སྐྱོང་། ཁྲིམས་སྐྱོང་། སྤྱོད་བཟང་བཅས་དང་ཟུང་འབྲེལ་བྱས་ནས་ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་གཞོགས་འདེགས་བྱེད་པ་དང་མང་ཚོགས་ཞུགས་པ། ཁྲིམས་སྐྱོང་འགན་སྲུང་གིས་དེང་རབས་ཤང་གྲོང་གི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་འཛུགས་སྐྱོང་དང་འཐུས་ཚང་དུ་གཏོང་དགོས་པས་མ་ཚད། ཤང་གྲོང་གི་སྤྱི་ཚོགས་གསོན་ཤུགས་ཀྱིས་ཁེངས་པ་དང་། ཞི་མཐུན་གོ་རིམ་ལྡན་པ་ཡོང་རྒྱུར་འགན་ལེན་བྱེད་དགོས། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་སྟོབས་ཆེ་རུ་གཏོང་བར། ཏང་རྩ་འཛུགས་ཀྱིས་མང་ཚོགས་ལས་ཀའི་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས། སློབ་སྦྱོང་རང་བཞིན་དང་། ཞབས་ཞུའི་རང་བཞིན། གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན། འཐབ་འཛིང་གི་རང་བཞིན་གྱི་རྣམ་པའི་སྟེང་ནས་ཏང་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཧྲུའུ་ཅི་ཨང་དང་པོ་དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ཀྱི་ནུས་པར་བརྟེན་ནས་སྟོབས་ཤུགས་གང་ཡོད་ཀྱིས་གཞི་རིམ་ཏང་གི་རྩ་འཛུགས་ཉམས་ཞན་དུ་འགྲོ་བ་དང་། རྫུན་ཅན་དུ་འགྲོ་བ། མཐའ་ལ་ལྷུང་བའི་གནད་དོན་ཐག་གཅོད་གང་ལེགས་ཡོང་བ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་འགག་རྩའི་གནས་སྐབས་དང་གནད་དོན་གལ་ཆེན་ཐོན་དུས་འཐབ་འཛིང་དང་སྲུང་སྐྱོབ་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་སྣེ་ཁྲིད་དང་བསམ་བློ་ཁྲིད་སྟོན། མང་ཚོགས་རྩ་འཛུགས་དང་སྤྱི་ཚོགས་ཀྱི་འབོད་སྐུལ་བཅས་ཀྱི་ནུས་པ་ཟམ་མི་ཆད་པ་འདོན་དགོས་ཤིང་བོད་དུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་ཡང་ཟམ་མ་ཆད་པར་སྲ་བརྟན་དུ་གཏོང་དགོས། གཞི་རིམ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར། གཞི་རིམ་གྱི་ལས་བྱེད་པ་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ་མ་ཟད། གསོ་སྦྱོང་དོ་དམ་ཤུགས་ཆེ་རུ་དང་ལས་ཀའི་འཇོན་ནུས་མཐོར་འདེགས་བྱས་ཏེ། ཞིང་ལས་དང་འབྲོག་ལས་ཤེས་པའི་ཁར་ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས་ལ་དགའ་བའི་གཞི་རིམ་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཤང་གྲོང་གི་ཀུན་སྤྱོད་ལེགས་སྐྱོང་བྱེད་པར། རང་སྐྱོང་སྒྲིག་ཡིག་དང་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་དང་གྲོང་མིའི་ལྟ་སྐུལ་བྱེད་པའི་ནུས་པ་བཅས་གང་ལེགས་འདོན་སྤེལ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་བའི“བདུན་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དང་བཅའ་ཁྲིམས་ཞིང་འབྲོག་ཁུལ་དུ་བསྐྱོད་པའི་བྱེད་སྒོ་དྲིལ་བསྒྲགས་ཤུགས་ཆེན་དང་། རྩ་ཁྲིམས་དང་ཉེས་ཁྲིམས། དམངས་ཁྲིམས། ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག་སོགས་དང་ཞིང་འབྲོག་པ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁྲིམས་ལུགས་བླ་མེད་དང་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་དགོས། ཞིང་འབྲོག་ཁུལ་དུ་ཁྲིམས་བརྩི་བ་དང་ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། དུས་བདེའི་ཤང་གྲོང་འཛུགས་སྐྱོང་བྱེད་པར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་གྱི་ལས་འགུལ་སྤེལ་དགོས་ཤིང་། ཞིང་འབྲོག་ཁུལ་གྱི་མེ་འགོག་དང་འགྲིམ་འགྲུལ། ཟས་རིགས་སོགས་སྤྱི་པའི་བདེ་འཇགས་དོ་དམ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཏེ། ཞིང་འབྲོག་མང་ཚོགས་ཚོར་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས། ཤང་གྲོང་དར་རྒྱས་ལམ་དུ་བསྐྱོད་པར། འབྱོར་ཕྱུག་གི་འཚོ་བ་ནི་རྩ་བ་ཡིན། ཤང་གྲོང་དར་རྒྱས་ཡོང་བར། ངེས་པར་དུ་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་བདེ་རྩར་ཐུག་པའི་དངོས་ཡོད་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས། དོན་དངོས་དང་དོན་བཟང་བསྒྲུབ་ཏེ་དཀའ་གནད་སེལ་རྒྱུ་རྒྱུན་འཁྱོངས་ཀྱིས། མི་དམངས་ཀྱི་ཉིན་བཞིན་ཡར་རྒྱས་འགྲོ་བའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དགོས། དབུལ་ཕོངས་འགག་སྒྲོལ་བྱེད་པར། དམིགས་པ་གཅིག་བསྡུས་དང་གནད་ལ་འཕིགས་པ་རྒྱུན་འཁྱོངས་བ་བྱས་ནས། ཆབ་མདོའི་བྲག་རྭ་ཆེ་བ་གསུམ་གྱི་ཁུལ་དང་གཞིས་རྩེའི་ནུབ་རྒྱུད་དང་ནག་ཆུ་དང་མངའ་རིས་བཅས་པའི་རང་བྱུང་ཁོར་ཡུག་ཞན་པའི་དབུལ་པོའི་ས་ཁུལ་རྣམས་ལ་གཙོ་བོར་ཁ་ཕྱོགས་ཏེ། དབུལ་སྐྱོར་དང་ཆབ་ཅིག་འདུན་པ་དང་བློ་གྲོས་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་དང་། དེ་བཞིན“ཆུ་གློག་ལམ་ཕྲིན་སྐྱེལ་དྲ་བ་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་འགན་བཅོལ”བཅས་པའི་ལས་གཞི་བཅུ་ལག་བསྟར་དོན་འཁྱོལ་ཤུགས་ཆེན་བཏང་ནས།གནས་སྤོས་དབུལ་སྐྱོར་ནན་ཏན་གྱིས“འཁྱགས་དུས་གོས”ཀྱི་ལས་ཀ་བསྒྲུབ་པ་ལས། “གཡང་རྩེའི་སྒང་གི་ཡས་སྒྲོན”མི་བྱེད་པར་ལུས་ངག་ཡིད་གསུམ་གྱིས་དབུལ་ཕོངས་འགག་སྒྲོལ་ཡོང་བར་འབད་དགོས་པ་དང་དུས་མཚུངས་སུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་རྒྱ་ཆེར་སྤེལ་ཏེ། དབུལ་ཕོངས་འགག་སྒྲོལ་གྱི་གྲུབ་འབྲས་ལོ་རྒྱུས་དང་ལག་ལེན་གྱིས་ཞིབ་དཔྱད་ཐེག་ཐུབ་པ་ཞིག་དགོས། ཤང་གྲོང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལས་ཀར་སྐུལ་འདེད་དང་། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཤང་གྲོང་གཞི་གཅིག་ཅན་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། རིག་གནས་སོགས་སྤྱི་པའི་བྱ་གཞག་ཞིང་འབྲོག་ཁུལ་ལ་གཅིག་མཐུན་ཡོང་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་གོང་མཐོར་གཏོང་དགོས། མཐའ་དར་དམངས་ཕྱུག་ལག་བསྟར་དོན་འཁྱོལ་གྱིས་ཡུལ་སྨད་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་མིག་དཔེར་བཟུང་ཐོག་མཐའ་མཚམས་འབྱོར་འབྲིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མྱུར་པོ་ཡོང་རྒྱུར་འབད་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར། ཁྱོན་ཡོངས་ནས་ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་འཐུས་ཚང་ལག་བསྟར་དང་། ཕུགས་ཕན་ལམ་སྲོལ་འབབ་འཕར་འཐུས་ཚང་དང་། ལས་གནས་གཏན་འཁེལ་དང་ལས་ཁུངས་གཏན་འཁེལ་སོགས་གསོ་སྦྱོང་ཐབས་ལམ་ལ་བརྟེན་ནས། ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་ཤུགས་ཆེན་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ལས་ཞུགས་ཀྱི་ནུས་པ་དང་ལས་ཀའི་འཇོན་ནུས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།

བཀྲ་ཕུན་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1