ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ལོ་ངོ་དྲུག་ཅུའི་གཟི་བརྗིད་ལོ་ཟླའི་ནང་། ཏང་གི་བཀའ་དྲིན་ཡིད་ལ་ལྷག་པར་དྲན། བོད་ཀྱི་ལོ་རྒྱུས་ཐོག་གི་མཐོ་སློབ་ཨང་དང་པོ་སྟེ་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་བསུ་བ་ཞུས་ཡོད། ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་སློབ་གྲྭ་དེ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་། ལས་བཟོ། སློབ་གྲོགས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

        ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ཚུན། ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་། སློབ་གཉེར་གྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཏང་དང་མི་དམངས་དང་དེ་བཞིན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ཚུན་གྱི་ལོ་60ཡི་རིང་ཐོབ་པའི་གྲུབ་འབྲས་ནི་ཏང་གི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

        ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཁྱེད་རྣམ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་གཞི་རྩའི་གནད་དོན་དེར་དམ་པོར་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་མི་རིགས་ཀྱི་སྲིད་ཇུས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། སློབ་གྲྭའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

ཚེས་15ཉིན་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་ལྗོངས་མི་རིགས་སློབ་ཆེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་སྤྲོད་གནང་བཞིན་པ།

        ཚེས་15ཉིན། བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གནའ་གྲོང་ཞན་དབྱང་དུ་ཡོད་པའི་བོད་ལྗོངས་མི་རིགས་སློབ་ཆེན་དུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྟེན་འབྲེལ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཆེད་བསྐོས་ཨུ་ཡོན་སུན་ཞུའེ་ཡུས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་བཅས་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་ཡོད་པ་རེད། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོ་རུང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་གྱིས་ཧྲའན་ཤིས་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་རྟེན་འབྲེལ་ཚོགས་ཆེན་ཐོག་ཁག་སོ་སོར་གསུང་བཤད་གནང་བ་རེད།

        ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་འཕྲིན་ཡིག་ཁག་སོ་སོར་སྒྲོག་སྦྱངས་གནང་བ་རེད།

        ཧོ་རུང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཧྲའན་ཤིས་དང་བོད་གཉིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་སུ་གནས་ཡོད་པས་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། གོ་སྐབས་དམ་འཛིན་ནན་པོ་བྱེད་པ། འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ནི་ཧྲའན་ཤིས་དང་བོད་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཞིག་རེད། ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མངའ་རིས་ལ་ཁ་གཏད་རོགས་སྐྲུན་བྱེད་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་གཙོ་གནད་དུ་བྱེད་པ། བོད་ཁུལ་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྔར་བཞིན་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན”ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཧྲི་མོའུ་ཅུན་གྱིས་གསུང་བཤད་གནང་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དེ་བཞིན་བོད་ལྗོངས་མི་རིགས་སློབ་ཆེན་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། སློབ་གྲྭ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ་སློབ་གཉེར་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ཀྱི་ཤེས་བྱ་ཡང་དག་ཁྱབ་གདལ་གཏོང་བ་དང་། ཚན་སློབ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བ་དང་ཤེས་ལྡན་པར་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞའོ་ཀྲང་ལིའུ་ཁའེ་ཡིས་རྟེན་འབྲེལ་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས་ང་ཚོས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་སློབ་གཉེར་གྱི་དགོངས་པ་དང་སློབ་གསོའི་དགོངས་པའི་ཁྲོད་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་བྱེད་པ་དང་དགོངས་པ་གསར་པར་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་དེ་སློབ་གྲྭ་འདི་ཉིད་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་ཞིག་ཏུ་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

        ཞན་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཡོད་ལེའང་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་གྱི་འཐུས་མི་ཁང་ལུང་ལི་དང་། སློབ་མའི་འཐུས་མི་གཡུ་འབྲུག་སྒྲོལ་མ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གྲོགས་ཀྱི་འཐུས་མི་པ་སངས་དོན་གྲུབ་བཅས་ཀྱིས་ཁག་སོ་སོར་གཏམ་བཤད་སྤེལ་བ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་གྲུབ་ཀྱིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།

        བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་རིང་། ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་སོགས་འགོ་ཁྲིད་བློ་མཐུན་གྱིས་སློབ་གྲྭའི་སློབ་ཁྲིད་དང་འཚོ་བའི་སྒྲིག་ཆས་ལ་གཟིགས་སྐོར་རྟོག་ཞིབ་གནང་བ་མ་ཟད། རྒྱ་ཆེའི་དགེ་སློབ་ཚོ་དང་ལྷན་དུ་དགོང་ཟས་ཀྱང་བཞེས་པ་རེད། ཝུའུ་དབྱིང་ཅེས་སློབ་ཆེན་སློབ་མ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་ཚོར་བཅོལ་བའི་ལང་ཚོའི་མངགས་བཅོལ་ཟབ་མོར་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། མཛེས་སྡུག་ལྡན་པའི་གཞོན་ནུའི་ལང་ཚོ་དང་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་བཟང་པོར་གཅེས་སྤྲས་བྱེད་པ། དུས་རབས་གསར་པའི་གཞོན་ནུ་ཞིག་བྱེད་པ། དུས་རབས་གསར་པའི་གོ་སྐབས་བཟང་པོ་དང་བསྟུན་པ། རྒྱལ་གཅེས་བོད་དར་དང་སློབ་བརྩོན་ལས་གཅེས་བྱེད་པ། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་ཕ་མར་བསྙེན་བཀུར་ཞུ་བ་བཅས་བྱས་ནས་མེས་རྒྱལ་དང་མི་དམངས་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རིང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་དང་ལང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

        ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་དུས་གནས་རྟོག་དཔྱོད་དང་མཐོ་གཟིགས་འོག་བསྐྱངས་ཀྱིས་མེས་རྒྱལ་ནང་སར་མི་རིགས་སློབ་གྲྭ་གྲབས་འཛུགས་བྱ་རྒྱུའི་ཐབས་ཇུས་གཏན་འཁེལ་གནང་ཡོད། 1958ལོའི་ཟླ་9ཚེས་15ཉིན་ཝེ་ཧོ་ཆུ་བོའི་འགྲམ་དུ་གནས་པའི་གནའ་བོའི་གྲོང་ཁྱེར་ཞན་དབྱང་དུ་བོད་ལྗོངས་སྤྱི་སློབ་བཙུགས་པ་དང་། དུས་དེ་ནས་བཟུང་བོད་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་རྐྱང་ཞིག་ཕྱེ་ཡོད། སྐབས་རིམ་བྱུང་གི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་འོག བོད་ལྗོངས་སྤྱི་སློབ་ཅེས་པ་དེ་1965ལོར་བོད་ལྗོངས་མི་རིགས་སློབ་གླིང་ཞེས་པར་མིང་བསྒྱུར་པ་དང་2015ལོར་བོད་ལྗོངས་མི་རིགས་སློབ་ཆེན་ཞེས་པར་མིང་སྒྱུར་བྱས་པ་རེད།

བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1