སྨྲེང་བའི་མཚན་མོ།

མིག་གསར་པ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཞེ་དང་ཞེ་སེམས་འདྲིས་ན།།

མཚན་ནུབ་མང་པོ་བརྒལ་ཆོག།

ལྷ་ཡི་ལུང་བསྟན་མེད་ཀྱང་།།

ཧ་ཅང་མཐུན་པ་ལས་རེད།།

ཉི་ནུབ་བར་གྱི་གྲིབ་མ།།

ཡིད་ཀྱི་ཨ་ཅག་བུ་མོ།།

ཧ་ཅང་སྨྲེང་བའི་མཚན་མོར།།

ཡིད་ལ་ཧ་ཅང་གསལ་ལོ།།

སྨྲེང་བའི་གཞས་རྐྱང་དཀྲོལ་ཏེ།།

ཁྱོད་ཀྱི་གམ་དུ་བཏང་ཡོད།།

ཧ་ཅང་སྙན་པ་མེད་ཀྱང་།།

ལེན་པའི་སྤོབས་གནང་བྱུང་།།

མཆོད་ཁང་ནང་གི་སྒྲོན་མེ།།

གསལ་དང་མི་གསལ་མི་འདུག།

ཨ་ཅག་བུ་མོའི་ཞལ་དེ།།

མཐོང་ཙམ་བྱས་ན་སྤྲོ་བྱུང་།།

ཚངས་མགུར་བཀླགས་ཙམ་བྱས་ཏེ།།

བན་དེ་སྐྱ་མིན་སེར་མིན།།

ལྷ་སའི་མགུར་ཆང་དམར་པོ།།

ཡང་ཡང་འཐུང་ན་འདོད་བྱུང་།།

སྨྲེང་བ་ཤིན་ཏུ་ཆེ་བའི།།

མཚན་མོ་ཕྱེད་ཀ་བུད་སོང་།།

ལས་འཕྲོ་ཅན་གྱི་བུ་མོ།།

སྨྲེང་གཞས་བཞག་ནས་བུད་སོང་།།

སྙིང་སྡུག་འཚོལ་བ་མིན་ཡང་།།

ལས་ལ་བསྐོས་པ་གནང་བྱུང་།།

ཧ་ཅང་སྨྱོས་འདུག་མ་གསུང་།།

གཞོན་པའི་སྣང་བ་ལོས་ཡིན།།

སྨྲེང་ཞིང་འཁྱག་པའི་མཚན་ནུབ།།

སྙན་ངག་ཁ་གསལ་གོ་བདེ།།

བྲིས་ཀྱང་ཟད་པ་མི་འདུག།

རེ་ཞིག་མཚམས་འཇོག་བྱའོ།།


རྩོམ་ཡིག་སྔོན་མ།
ཨ་མར་ཕུལ་བའི་སྙན་ཚིག
རྩོམ་ཡིག་རྗེས་མ།
ལེགས་སྐྱེས། ——CDལ་ཕུལ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1