གསེར་རྟ་རྫོང་གིས་གཉེན་མ་སྒྲིག་པར་ཐང་ཕྲུག་སྐྱེ་བའི་སྲོལ་ངན་ཁྲིམས་ལྟར་ཡོ་བསྲང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14


    

        ཝང་ཏུང་ཧྲིན་གྱིས་སྙན་ལུང་ཡུལ་ཚོ་རུ་བརྟག་ཞིབ་སྐབས་གསུང་དོན། མཛུབ་ཀུ་ལྔ་བཅིངས་ཁུ་ཚུར་བྱས་ཏེ་ཁྲིམས་ལྟར་ཞིང་འབྲོག་ས་ཁུལ་གྱི་གཉེན་སྒྲིག་བུ་བཙའི་སྣང་ཚུལ་ངན་པར་བཅོས་སྐྱོང་བྱས། ཞིང་འབྲོག་ས་ཁུལ་གྱི་ལུགས་སྲོལ་དང་སྣང་ཚུལ་ངན་པ་དག་ལ་ཇི་ལྟར་བཅོས་བསྒྱུར་བྱས་ཏེ། ཞིང་འབྲོག་ས་ཁུལ་གྱི་ལུགས་སྲོལ་གསར་བསྒྱུར་དང་། ཡུལ་སྡེ་བཅོས་སྐྱོང་གཏིང་ཟབ་ཡོང་བ། ཞིང་འབྲོག་མང་ཚོགས་ཀྱི་ནང་ཁུལ་གསོན་ཤུགས་རྒྱས་ཐབས་སྐོར་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་རྒྱུན་དོ་ཁུར་བྱེད་བཞིན་ཡོད་ལ། དེ་ནི་དགྲོལ་ཐབས་དཀའ་བའི་དཀའ་ཁག་ཀྱང་ཡིན། ཟླ3པའི་ཚེས5ཉིན་ནས་བཟུང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ།  རྫོང་དཔོན་ཝང་ཏུང་ཧྲིན་གྱིས་སྣེ་ཁྲིད་པའི་ལས་སྒྲུབ་རུ་ཁག་ཡུལ་གྲོང་སོ་སོ་རུ་བརྟག་ཞིབ་བྱེད་སྐབས། ཞིང་འབྲོག་ས་ཁུལ་གྱི“མཚན་ཉུག”དང“བྱི་འཁྱར”བྱེད་པའི་ལུགས་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་། དེས་བུ་ཕྲུག་ཚད་བརྒལ་སྐྱེ་བ་དང་གཉེན་སྒྲིལ་མ་བྱས་པར་ཐང་བུ་སྐྱེ་བའི་གནད་དོན་བསྐྱེད་བཞིན་ཡོད་པ། ཞིང་འབྲོག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་བཅས་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་སྐྱོན་ཐེབས་བཞིན་མཆིས།

        ཟླ3པའི་ཚེས10ཉིན། ཝང་ཏུང་ཧྲིན་གྱིས་སྣེ་ཁྲིད་པའི་ལས་སྒྲུབ་རུ་ཁག་སྙན་ལུང་ཡུལ་ཚོའི་ཆུ་དཀར་མ་སྡེ་བའི་ཁྱིམ་ཚང་དཀའ་ངལ་ཅན་བདེ་མིང་ཅན(མོ། ད་ལོ་ལོ58དང་། མ་གཅིག་པུ་ཕ་མེད་པ།)ཚང་ལ་འཚམས་འདྲི་བྱེད་སྐབས་རྒྱུས་ལོན་བྱུང་བར། བདེ་མིང་ཅན་ཚང་གི་ཆ་རྐྱེན་ཧ་ཅང་ཞན་པ་དང་། མོ་རང་གི་བུ་མོ་སྐྱིད་མིང་ཅན་གྱིས་གཉེན་སྒྲིག་མ་བྱས་པར་ཐང་བུ་ཐང་མོ་གཉིས་སྐྱེས་ཡོད་པས། མི་རབས་གཉིས་ཀྱི་རིང་མཐའ་འདུག་ཆགས་ནས་ཡོད། བདེ་མིང་ཅན་གྱི་སྡུག་སྨྲེ་ལ་ཉན་རྗེས། ཝང་ཏུང་ཧྲིན་གྱིས་ཁོང་ཁྲོ་དང་བཅས་བཤད་རྒྱུར“མཚན་ཉུག”དང“བྱི་འཁྱར”བྱེད་པའི་སྲོལ་ངན་འདི་ཡིས་བུ་ཕྲུག་ཚད་བརྒལ་སྐྱེས་པ་དང་ཐང་བུ་སྐྱེས་པ་སོགས་ཀྱི་གནད་དོན་བསྐྱེད་པས། ཞིང་འབྲོག་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་དང་ཡུལ་སྡེ་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་བཞིན་ཡོད་པར་མ་ཟད། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ལུས་སེམས་བདེ་ཐང་ལ་གནོད་པ་སྐྱེལ་བཞིན་ཡོད། སྲོལ་ངན་འདི་མ་དོར་ཚེ། ང་ཚོའི་དབུལ་ཐར་ཕྱུག་འགྱུར་དང་འཆམ་མཐུན་བརྟན་བརླིང་།  སྲོལ་ངན་ཡོ་བསྲིང་བཅས་ཀྱི་ལས་དོན་བསྒྲུབ་ཚུལ་ནི་སྟོང་གཏམ་ཁོ་ན་ཡིན། མ་ཟད་དུས་ཐོག་ཏུ་བརྟག་དཔྱད་ཞིབ་གསལ་དང་ཁྲིམས་ལྟར་ཐག་གཅོད་དགོས་པའི་རེ་འདུན་བཏོན།
        བརྟག་དཔྱད་བྱས་པ་བརྒྱུད། སྐྱིད་མིང་ཅན་གྱི་ཐང་བུ་ཐང་མོ་གཉིས་ཀྱི་ཕ་ནི་སྦྱིན་མིང་ཅན་དང་། ཐུབ་མིང་ཅན(གྲ་གྲ་དགོན་པའི་གྲྭ་བ)ནུབ་མོར་དེར། ལས་སྒྲུབ་རུ་ཁག་གིས་སྙན་ལུང་ཡུལ་ཚོའི་ལས་བྱེད་པ་དང་མངག་གཏོང་ཁང་གི་ཉེན་རྟོག་པ། ཆུ་དཀར་མ་སྡེ་བའི་གཞི་རིམ་སོགས་མངག་ནས་སྦྱིན་མིང་ཅན་དང་ཐུབ་མིང་ཅན་གཉིས་སྙན་ལུང་ཡུལ་ཚོའི་སྲིད་གཞུང་དུ་ཁྲིད་དེ་རྒྱུས་ལོན་བྱས་ཤིང་། ཁོང་གཉིས་ལ《གཉེན་སྒྲིག་བཅའ་ཁྲིམས》དང《འཆར་ལྡན་བུ་བཙའི་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་འཆད་འགྲེལ་གནང་བ་དང་། སྦྱིན་མིང་ཅན་དང་ཐུབ་མིང་ཅན་གཉིས་ཀྱིས་སྐྱིད་མིང་ཅན་གྱི་བུད་མེད་དང་འབྲེལ་བ་བྱུང་སྟབས། ཐང་བུ་ཐང་མོ་སྐྱེས་པའི་དོན་དངོས་ཁས་བླངས་ཤིང་། ལས་སྒྲུབ་རུ་ཁག་གིས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལྟར། སྦྱིན་མིང་ཅན་དང་ཐུབ་མིང་ཅན་གཉིས་ལ་ཉིན་བཅུའི་རིང་། སྐྱིད་མིང་ཅན་གྱི་བུ་དང་བུ་མོར་གསོ་གླའམ་གུད་གསབ་ལ་དམངས་སྒོར་ཁྲི25རེ(སྡོམ་པའི་དམངས་སྒོར་ཁྲི50)སྤྲོད་དགོས་
པའི་ཐག་བཅད་གནང་། དེ་ཡང་སྐྱིད་མིང་ཅན་གྱི་བུ་དང་བུ་མོའི་རྗེས་ཕྱོགས་ཀྱི་འཚོ་བ་དང་སློབ་གསོ། སྨན་བཅོས་སོགས་ཀྱི་འགྲོ་སོང་ལ་གཏོང་དགོས་པར་ཐག་གཅོད་གནང་།

        ཟླ3པའི་ཚེས་11ཕྱི་དྲོར། ཝང་ཏུང་ཧྲིན་གྱིས་སྙན་ལུང་ཡུལ་ཚོའི་ལས་བྱེད་པ་ཡོངས་དང་སྡེ་བའི་ལས་སྒྲུབ་རུ་ཁག སྡེ་བ་སོ་སོའི་ཨུ་ཡོན་གཉིས་ཀྱི་འགན་འཛིན་པ་སོགས་བསྡུས་ནས། སྙན་ལུང་ཡུལ་ཚོའི་གྲོས་ཚོགས་ཁང་དུ་གཉེན་སྒྲིག་མ་བྱས་པར་བུ་ཕྲུག་སྐྱེས་པའི་སྲོལ་ངན་བཅོས་སྐྱོང་སྐོར་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་མི་དག་དང་བརྡ་ཁྱབ་སྤེལ་ནས་སྦྱིན་མིང་ཅན་དང་། ཐུབ་མིང་ཅན་གཉིས་ཀྱིས་སྐྱིད་མིང་ཅན་དང་འབྲེལ་བ་བྱུང་སྟབས། ཐང་བུ་ཐང་མོ་སྐྱེས་པའི་དོན་དངོས་ཀྱི་གནས་ཚུལ་དག《གཉེན་སྒྲིག་བཅའ་ཁྲིམས》དང《འཆར་ལྡན་བུ་བཙས་བཅའ་ཁྲིམས》དང་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཐག་གཅོད་བྱེད་དགོས་པར་བཤད།

        ཝང་ཏུང་ཧྲིན་གྱིས་“མཚན་ཉུག”དང“བྱི་འཁྱར”བྱེད་པའི་སྲོལ་ངན་ཁྲིམས་ལྟར་རྩ་མེད་དུ་བཏང་བ་དང་། བུད་མེད་ལ་བརྩི་མཐོང་མི་བྱེད་པ། འཆམ་མཐུན་བརྟན་འཇགས་ལ་ཤན་ཤུགས་ཐེབས་པའི་ཐ་ཤལ་གྱི་བྱ་སྤྱོད་ཡིན་པར་བསྟན་པ་དང་། དབུལ་ཐར་ཕྱུག་འགྱུར་དང་ཡུལ་ཚོ་ཁྲིམས་སྐྱོང་ཐད་དུ་ཡང་ཚབས་ཆེན་པོའི་བཀག་འགོག་བྱས་པ། བུད་མེད་ཀྱི་ལུས་སེམས་བདེ་ཐང་དང་། མི་གཞིའི་རྩིས་ཐང་ལ་དམའ་འབེབ་དང་གནོད་པ་སྐྱེལ་བས། ངེས་པར་དུ་བཀག་འགོག་དང་། མཚམས་འཇོག་བྱེད་དགོས་པར་མ་ཟད། དབུལ་ཐར་ཕྱུག་འགྱུར་གྱི་རླབས་ཆེན་དམིགས་འབེན་དེ་མངོན་འགྱུར་དགོས་ཚེ། ངེས་པར་དུ་སྲོལ་ངན་ཡོ་བསྲིང་དང་སྲོལ་གསར་དར་སྤེལ་བྱས་ཏེ། དམངས་སེམས་གཞུང་དྲང་དང་གཞུང་རྒྱུད་དྲང་པོ་ཡོང་བ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དམངས་སེམས་སུ་ཟུག་པར་བྱེད་པ། སྤྱི་སྙོམས་དྲང་བདེན་གྱི་བྱ་བཞག་གོང་དུ་སྤེལ་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་སྔར་ལས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱ་དགོས།
        ཁོང་གིས་ནན་གྱིས་བསྟན་དོན། རྫོང་ཡོངས་ཀྱི་ཡུལ་གྲོང་སོ་སོ་དང་ལས་ཁུངས་སོ་སོའི་རྒྱ་ཆེའི་ལས་བྱེད་རྣམས་ཀྱིས་ངེས་པར་དུ“མཚན་ཉུག”དང་“བྱི་འཁྱར”བྱེད་པའི་སྲོལ་ངན་ལ་ངོས་ཟིན་ཡང་དག་ཐོབ་པ་དང་། དེས་བུ་ཕྲུག་ཚད་བརྒལ་དང་གཉེན་སྒྲིག་མ་བྱས་པར་ཐང་བུ་སྐྱེས་པའི་གནད་དོན་བྱུང་བ། དབུལ་ཐར་འགག་སྒྲོལ་དང་འཆམ་མཐུན་བརྟན་བརླིང་ཡོང་བར་ཁ་ཚ་དགོས་གཏུག་གིས་གནོད་འཚེ་ཐེབས་བཞིན་ཡོད་པས། ངེས་པར་དུ་འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་ནས་གསེར་རྟའི་འཕེལ་རྒྱས་ལ་འགན་ཁུར་བ་དང་། རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་བ། སྙིང་སྟོབས་བརྟན་ཅིང་ཐབས་ལ་མཁས་པ། ཁྲིམས་ཀྱི་སྟོབས་ཤུགས་བཅས་ལ་བརྟེན་ནས་གཉེན་སྒྲིག་མ་བྱས་པར་ཐང་བུ་སྐྱེས་པའི་སྲོལ་ངན་བཅོས་སྐྱོང་ཡོང་བ། དུས་དང་རྣམ་པ་ཀུན་ཏུ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་དང་ལུས་སེམས་བདེ་ཐང་། མི་གཞིའི་རྩིས་ཐང་ལ་སྲུང་སྐྱོབ་དང་བརྩི་བཀུར་ཐོབ་འོས་ལ། རྒྱ་ཆེའི་བུད་མེད་རྣམས་ལ་སྔར་ལས་རྩིས་ཐང་ཡོད་ཅིང་རེ་བ་ཡོད་པ། སྣེ་ཁྲིད་ཡོད་པར་བྱ་དགོས་པའི་ལམ་སྟོན་གནང་།
        ཁོང་གིས་རེ་འདུན་ལ། སྙན་ལུང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཉིན་བཅུའི་རིང་། ཡུལ་ཚོའི་མངའ་ཁོངས་ཀྱི་གཉེན་སྒྲིག་མ་བྱས་པར་བུ་བཙའ་བའི་སྲོལ་ངན་བཅོས་སྐྱོང་དང་ཡོ་བསྲིང་ཡོང་དགོས་པར་མ་ཟད། སྙན་ལུང་ཡུལ་ཚོས་དཔེ་སྟོན་བྱས་ཏེ། རྫོང་ཡོངས་ཀྱི་ཁྲིམས་ལྟར་སྲོལ་ངན་འདི་ཉིད་བཅོས་སྐྱོང་གནད་ལ་ཁེལ་བ་བྱ་དགོས་པ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཁྲིམས་མཐུན་ཚུལ་ལྡན་གྱིས་གཉེན་སྲོལ་བུ་བཙའི་སྲོལ་བཟང་དར་སྤེལ་དང་།“མཚན་ཉུག”དང“བྱི་འཁྱར”བྱེད་པའི་སྲོལ་ངན་རྩ་བཅོས་བྱས་ཏེ། ཙིག་རྐུན་སྲང་ནས་བརྒྱུག་ཚེ་སོད་སོད་རྒྱོབ་རྒྱོབ་ཅེས་པའི་དཔེ་ལྟར། གོམས་སྲོལ་ངན་པར་བཅོས་སྐྱོང་བྱེད་པ་དང་། ཞིང་འབྲོག་ས་ཁུལ་ལ་སྔར་ལས་འཆམ་མཐུན་དང་ཁྲིམས་མཐུན། ཞི་འཇགས་ཡོང་བར་བྱ་དགོས་པའི་རེ་འདུན་བཏོན།
ཁོང་གིས་རེ་བ་ལ། ཞིང་འབྲོག་ས་ཁུལ་གྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་རང་རྟོན་དང་རང་བཀུར། རང་བརྩི། རང་སྟོབས་རང་སྤེལ་བྱེད་པ་དང་།“མཚན་ཉུག”དང“བྱི་འཁྱར”བྱེད་པའི་སྲོལ་ངན་རྩ་བཅོས་དང་གཏན་འགོག་བྱས་ཏེ། རང་ཉིད་ཀྱིས་བརྩོན་པར་བརྟེན་ནས་བདེ་སྐྱིད་འཚོ་བ་བརྩོན་ལེན་བྱ་དགོས་པའི་རེ་བ་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1