རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་འསྒྲིལ་བ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཕེབས་པ་དང་། ཝང་དབྱང་གིས་གསུང་བཤད་གནང་བ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་པེ་ཅིང་མི་དམངས་ཚོགས་ཆེན་མོར་མཇུག་བསྒྲིལ་ཡོད་པ་རེད། གྲོས་ཚོགས་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཐེ་ཞུགས་སྡེ་ཚན་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ། མུ་མཐུད་འབད་འཐབ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་ཀར་སྟོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐོག ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ཆེད་དུ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
གྲོས་ཚོགས་ཐོག སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཡོད་པ་རེད།
ཝང་དབྱང་གིས་གསུང་བཤད་གནང་སྐབས། ཐེངས་འདིའི་གྲོས་ཚོགས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུ་དེ་འགག་རྩའི་ལོ་ལ་སླེབས་སྐབས་སྐོང་འཚོགས་བྱས་པ་ཞིག་ཡིན་པས། ཀྲུང་གུང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་མ་ཟད་ལས་རིགས་ཁག་གི་ཚོགས་ཆུང་ནང་ཟབ་ཞུགས་ཀྱིས་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཨུ་ཡོན་རྣམས་དང་ལྷན་དུ་རྒྱལ་དོན་ལ་གྲོས་མོལ་གནང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་གནང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་གྲོས་མོལ་གཏིང་ཟབ་གནང་བ་དང་། གྲོས་གཞི་ཧུར་ཐག་བཏོན་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གྲོས་ཚོགས་ཀྱིས་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ་དང་། ཐུན་མོང་ངོས་འཛིན་གཅིག་བསྡུས་རྒྱ་ཁྱབ་བྱས་པས། དེ་ནི་དངོས་ཐོག་བདེན་འཚོལ་དང་མཐུན་སྒྲིལ་ཡར་འབད་ཀྱི་ཚོགས་ཆེན་ཞིག་ཡིན་ཞིང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་འདིའི་ཁྱད་འཕགས་བཟང་ཆ་མངོན་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་མངོན་ཡོད་ཅེས་གསུངས་ཡོད་པ་རེད།
ཝང་དབྱང་གིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་པ་དང་། མི་དམངས་སྲིད་གྲོས་བཙུགས་ནས་ཀྱང་ལོ་ངོ་70ཟིན་གྲབས་ཡོད། ལོ་ངོ་70སོང་རིང་། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། སྒྱུར་བཅོས་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་བརྗིད་ཉམས་ལྡན་པའི་ལག་ལེན་ནང་ཞུགས་པ་དང་འོད་སྟོང་འཕྲོ་བའི་ལམ་བུ་བརྒྱུད་པ་དང་། ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། མི་དམངས་སྲིད་གྲོས་ཀྱི་གར་སྟེགས་སྔར་བས་རྒྱ་ཆེ་བ་དང་། འགན་འཁྲི་སྔར་བས་ལྕི་བ་ཡོད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཏེ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་བབ་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཁོང་དུ་ཆུད་པ་བྱས་ནས་དད་སེམས་དང་བརྟན་ཤུགས་བརྟན་པོར་སྲུང་བ། ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཟམ་མི་འཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ལ་བརྩི་མཐོང་དང་། སློབ་སྦྱོང་ལ་ཤུགས་སྣོན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གྲུབ་འབྲས་དེ་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞིར་འགྱུར་བ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དར་ཆའི་འོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་དགོས། གསར་གཏོད་ལ་བརྩི་མཐོང་དང་། གསར་གཏོད་བྱེད་ཕོད་པ། གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་ཀྱི་གོ་རིམ་དང་འཁོར་སྐྱོད་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་བ་དང་སྔར་བས་གཏན་འཇགས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ལ་བརྩི་མཐོང་དང་། མཐུན་སྒྲིལ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཤུགས་འདོན་གྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བའི་མཉམ་ཤུགས་གཅིག་བསྡུས་བྱས་ཏེ། འབད་བརྩོན་ཆེན་པོས་ཀུན་སེམས་གཅིག་འགྲིལ་གྱི་རྣམ་པ་ཆགས་པ་བྱེད་དགོས་ཞེས་བསྟན་གནང་།
ཝང་དབྱང་གིས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལ་དུས་རབས་གསར་པའི་རྣམ་པ་ཡོད་དགོས་པ་དང་། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་ལའང་དུས་རབས་གསར་པའི་གཟུགས་བརྙན་ཡོད་དགོས། ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ནུས་ཤུགས་ཆེན་པོས་སྤྱི་ཡོངས་ཀྱི་བྱང་ཚད་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་འཁྲི་གསར་པ་ཁུར་བ་དང་། གཟི་བརྗིད་གསར་པ་སྐྲུན་དགོས། འབད་འཐབ་པའི་རྣམ་འགྱུར་དང་ཧུར་སེམས་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པ། ནམ་ཡང་མཚམས་འཇོག་མི་བྱེད་པ། ནམ་ཡང་ལྷོད་གཡེང་མི་གཏོང་བ་བཅས་བྱེད་དགོས་པ་དང་། སྔ་བར་ཕྱི་གསུམ་དུ་རྒྱལ་དོན་སེམས་ལ་འཇོག་པ་དང་། དམངས་འཚོར་དོ་ཁུར་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཐེ་ཞུགས་པ་དང་ལག་ལེན་པ། སྐུལ་འདེད་པ་བཅས་ཡག་པོ་བྱེད་པ། ལོ་རེའི་ཨུ་ཡོན་གྱི་ལས་འགན་ཡག་པོ་སྒྲུབ་པ་དང་དུས་རབས་ཀྱི་འདྲི་གཞིར་དྲིས་ལན་ཡག་པོ་བརྒྱབ་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་སྣང་མངོན་པར་བྱེད་དགོས་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་དགོས་ཞེས་ནན་སྟོན་གནང་བ་རེད།