༄༅།། བོད་ཀྱི་གདོད་མའི་ཆོས་ལུགས་ཁྲོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་ལས་བཙན་གྱི་སྐོར་ལ་དཔྱད་པ།

རེབ་གོང་པ་མཁར་རྩེ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 03-19


རེབ་གོང་པ་མཁར་རྩེ་རྒྱལ།
          དེ་ཡང་འདིར་བོད་ཀྱི་གདོད་མའི་ཆོས་ལུགས་ཁྲོད་དང་བོད་མིའི་སྲོལ་རྒྱུན་དད་མོས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པའི་“བར་གདོན་བཙན་”གྱི་སྐོར་གླེང་བར་བྱ་བ་ལ། ཐོག་མར་གནམ་ས་བར་སྣང་ཀུན་ལ་དབང་བྱེད་པའི་སྣང་སྲིད་ཀྱི་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་སྐོར་ནས་མདོར་ཙམ་གླེང་ན། དང་པོ་དེའི་གོ་དོན་ནི། འཇིག་རྟེན་འཁོར་བ་དང་སྲིད་པར་འཁྱམས་པའི་ལྷ་སྟེ། རང་རེའི་མིག་ཤེས་ཀྱི་མཐོང་ཡུལ་མ་ཡིན་པའི་འགྲོ་བ་བྱེ་བྲག་པ་ལྷ་དང་། ཀླུ། གཉན། བཙན། གཟའ། བདུད། རྒྱལ་པོ། མ་མོ་ལ་སོགས་པའི་རིགས་སོ། །འཇིག་རྟེན་པ་ལ་ཡོངས་གྲགས་ཀྱི་སྡེ་བརྒྱད་ནི། རྙིང་མའི་ལུགས་ཀྱི་ལྷ་འདྲེ་བསྟོད་ར་ལྟར་ན། བཙན་དང་། བདུད། རྒྱལ་པོ། མ་མོ། སྲིན་པོ། གཟའ། དམུ། གནོད་སྦྱིན་རྣམས་ཡིན་གསུངས་ཤིང་། རྒྱུད་སྡེ་བཞི་ལས་བྱུང་བའི་སྡེ་བརྒྱད་ནི། “ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མ་ཡིན། །ནམ་མཁའ་ལྡིང་དང་མིའམ་ཅི། །ལྟོ་འཕྱེ་ཆེན་པོ་ལ་སོགས་པ།།”ཞེས་འབྲེལ་ཡོད་ཡིག་རྙིང་དུ་གསུངས་ཏེ། དེ་དག་རྣམས་ཁྱད་པར་ཅན་གྱི་སྡེ་བརྒྱད་ཀྱི་ཁོངས་སུ་འདུ་བར་གསུངས། དེ་རྣམས་ལས་སངས་རྒྱས་ཀྱི་ཞལ་གཟིགས་ཤིང་ཆོས་སྐྱོང་གཞི་བདག་གི་ཚུལ་མཛད་པ་ཡོད་ཅིང་། སངས་རྒྱས་ཀྱི་ཞལ་མ་གཟིགས་ཤིང་ཆོས་རྣ་བས་མ་གོ་བ་གནོད་པ་བྱེད་མཁན་ཡང་ཡོད་གསུངས། མཁན་པོ་དྷྱཱ་ན་མ་ཏིས་དམངས་ཁྲོད་འདོན་ཆོག་《མཆོད་སྦྱིན་གཏོར་མའི་རྣམ་བཤད་དགེ་ལེགས་ཉི་མ་》ཞེས་བྱ་བར། “རང་ཉིད་གང་དུ་གནས་པའི་ཡུལ་ཕྱོགས་དེ་ན་གཉུག་མར་གནས་ཤིང་གློ་བུར་ལྷགས་པའི་མི་མ་ཡིན་གྱི་རིགས་ཏེ། དེའང་རྒྱལ་ཆེན་རིགས་བཞིའི་ལྷར་གཏོགས་པ་དང་། ཀླུའི་སྡེ་ཚན་དུ་གཏོགས་པ་དང་། བཙན་དང་བདུད་ཀྱི་རིགས་དང་། ས་བདག་དང་གཉན་གྱི་རིགས་ཏེ་སྡེ་ཚན་དྲུག་གམ། ཡོངས་གྲགས་ལྟར་ན་སྡེ་བརྒྱད། དེ་ཡང་ཕྱི་ནང་གསང་བ་མཆོག་གི་དབྱེ་བ་དང་བཅས་པ་རྣམས་ནི། རིགས་དང་། གཟུགས་དང་། ཆ་བྱད་དང་། བྱེད་ལས་སོགས་ཀྱི་སྒོ་ནས་བཞག་པ་གྲུབ་བོ།”གསུངས་སོ། །གསང་སྔགས་རྒྱུད་སྡེའི་ལུགས་ལྟར་ན། སྡེ་བརྒྱད་ལའང་ཕྱིའི་སྡེ་བརྒྱད་དང་། ནང་གི་སྡེ་བརྒྱད། གསང་བའི་སྡེ་བརྒྱད། མཆོག་གི་སྡེ་བརྒྱད། སྤྲུལ་བའི་སྡེ་བརྒྱད་བཅས་རིགས་འགར་དབྱེ་སྟེ་མཆོད་པ་གཏོང་ཚུལ་ཡོད་པ་དང་། དེ་དག་གི་ངོ་བོའམ་བྱེད་ལས་ཀྱི་ཆ་ནས་བཤད་ན། འབྲེལ་ཡོད་གཞི་བདག་སྐོར་གྱི་དམངས་ཁྲོད་བསང་ཆོག་ཏུ། “ཞི་བའི་འཕྲིན་ལས་སྒྲུབ་པ་དཀར་པོ་ལྷའི་སྡེར་གཏོགས། དབང་གི་འཕྲིན་ལས་སྒྲུབ་པ་དམར་པོ་བཙན་གྱི་སྡེར་གཏོགས། དྲག་པོའི་འཕྲིན་ལས་སྒྲུབ་པ་ནག་པོ་བདུད་ཀྱི་སྡེར་གཏོགས། གང་འདོད་དངོས་གྲུབ་སྩོལ་བ་ཕྱུག་པོ་ཀླུ་ཡི་སྡེར་གཏོགས། སྣ་ཚོགས་འཕྲིན་ལས་སྒྲུབ་པ་ཁྲ་བོ་གཟའ་ཡི་སྡེར་གཏོགས། དགྲ་ཤ་ཟས་སུ་ཟ་བ་རཀྵ་སྲིན་པོའི་སྡེར་གཏོགས། དགྲ་ལ་སྨྱོ་འབོག་གཏོང་བ་དཀོར་བདག་རྒྱལ་པོའི་སྡེར་གཏོགས། དགྲ་ཁྲག་སྐོམས་སུ་འཐུང་བ་དལ་ཡམས་མ་མོའི་སྡེར་གཏོགས”ཞེས་རང་རང་གི་མཐུ་ནུས་དང་འབྲེལ་ནས་བརྗོད་ཡོད་པ་ལས། འདིར་སྐབས་སུ་བབས་པ་བོད་མིའི་འཚོ་སྡོད་ཁོར་ཡུག་དང་སྲོལ་རྒྱུན་དད་མོས་འདུ་ཤེས་དང་འབྲེལ་བ་ཆེན་པོ་ཡོད་པ་བཙན་གྱི་སྐོར་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་ཁུལ་ཙམ་བགྱི་བ་ལ།
          དང་པོ། བཙན་གྱི་ངོ་བོ་དང་རིགས་དབྱེ།
          དེ་ཡང་“སྟེང་གདོན་ལྷ། བར་གདོན་བཙན། འོག་གདོན་ཀླུ་”ཞེས་ཡིག་རྙིང་དུ་འཁོད་གསལ་ལྟར། “དབང་གི་འཕྲིན་ལས་མཛད་པ་དམར་པོ་བཙན་གྱི་སྡེར་གཏོགས”ཞེས་པ་དེ་ནི། ཁྱིམ་ནམ་མཁའ་ན་ཡོད་པའི་ལྷ་ཚོགས་དང་འོག་ས་གཞི་ལ་གནས་པའི་ཀླུའི་རིགས་གང་དུའང་གཏོགས་ཀྱང་ངོ་བོ་མཐའ་གཅིག་ཏུ་མ་ངེས་པའི་མི་མ་ཡིན་གྱི་བྱེ་བྲག་ཅིག་སྟེ། གཉན་རིགས་དང་མཚུངས་པར་ཧ་ཅང་གཏུམ་དྲག་ཆེ་ལ་མཐུ་མགྱོགས་པ་ཞིག་ཡིན་གསུངས། དེ་ཉིད་སྐབས་ལ་ལར་ཞལ་གསུམ་ཕྱག་དྲུག་གི་རྣམ་པ་ཅན་ལས་གཞན། ད་དུང་མགོ་ལུས་ཕྱུགས་ནོར་རྟ་དང་ཕག་གི་གདོང་བ་ཅན་སོགས་ཚུལ་སྣ་ཚོགས་ཡོད་པར་སྣང་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོད་སྐབས་དམར་པོ་བཙན་གྱི་སྡེར་གཏོགས་པའི་ལྷ་མ་སྲིན་སོགས་བསྟན་སྲུང་ཆོས་སྐྱོང་དུ་གཉེར་དུ་གཏད་པས་མཚོན། ① བཙན་ལ་རིགས་དང་དབྱེ་བ་ཤིན་ཏུ་མང་སྟེ། བཙན་གྱི་རིགས་ལའང་ལྷ་བཙན་དང་། ཀླུ་བཙན། བདུད་བཙན། གཟའ་བཙན་སོགས་རིགས་མང་དུ་ཡོད་པ་ནི། སློབ་དཔོན་པདྨའི་《ལྷ་འདྲེ་བཀའ་ཐང་》ལས་ཐེའུ་བྲང་བཏུལ་བའི་སྐོར་ནས། “ལྷ་བཙན་རིགས་བྱེད་མང་པོ་དང་། །ཀླུ་བཙན་རིགས་བྱེད་མང་པོ་དང་། །བདུད་བཙན་རིགས་བྱེད་མང་པོ་དང་། །གཟའ་བཙན་རིགས་བྱེད་མང་པོ་དང་། །ཡ་བདུད་རིགས་བྱེད་མང་པོ་དང་། །ཀླུ་བདུད་རིགས་བྱེད་མང་པོ་དང་། །མ་བདུད་རིགས་བྱེད་མང་པོ་དང་། །བར་ཆད་བྱེད་པའི་གདོན་བགེགས་མང་།།”②ཞེས་གསུངས་པ་ལྟར་དང་། ས་ལོ་ཀུན་དགའ་བསོད་ནམས་ཀྱིས། “ཡུལ་ཕྱོགས་འདིའི་བཙན། ཤར་ཕྱོགས་དྲི་ཟའི་བཙན། ལྷོ་ཕྱོགས་གཤིན་རྗེའི་བཙན། ནུབ་ཕྱོགས་ཀླུའི་བཙན། བྱང་ཕྱོགས་གནོད་སྦྱིན་བཙན། ཤར་ལྷོ་མེ་ལྷའི་བཙན། ལྷོ་ནུབ་སྲིན་པོའི་བཙན། ནུབ་བྱང་རླུང་ལྷའི་བཙན། བྱང་ཤར་དབང་ལྡན་བཙན། སྟེང་ཕྱོགས་ལྷའི་བཙན། འོག་ཕྱོགས་ཀླུའི་བཙན། བར་མི་བཟད་ལྷ་མ་ཡིན་གྱི་བཙན། གོང་གསུམ་འགྲིམ་པའི་བཙན། ལུང་གསུམ་རྒྱུ་བའི་བཙན། བྲག་གུ་ཟུར་གྱི་བཙན། གོང་གསུམ་གཡེལ་གྱི་བཙན། ལུ་མ་གཞུང་གི་བཙན། གདགས་དང་སྲིབ་ཀྱི་བཙན། ཆུ་བོ་སྦུབས་ཀྱི་བཙན། ཤུག་པ་སྦམ་གྱི་བཙན། ཕ་མེས་དུར་གྱི་བཙན།”③ཞེས་ཕྱོགས་བཞི་མཚམས་བརྒྱད་གནམ་ས་སྟེང་འོག་ཐམས་ཅད་དུ་བཙན་གནས་པར་གསུངས་སོ། །
          བོན་ལུགས་ལྟར་ན། བཙན་གྱི་རྒྱལ་བོ་བྲག་བཙན་ཨ་བསེ་རྒྱལ་བ་ནི་བཟའ་ཚོ་དང་འབྲེལ་བའི་སྲིད་པའི་བཙན་རིགས་ཤིག་ཡིན་པར་གསུངས་ཏེ། དེའི་ཆ་བྱད་དང་མཐུ་ནུས་པ། ཕྱག་མཚན་དང་སྐུ་འཁོར་ལ་སོགས་པ་ཚུལ་ཇི་ལྟ་བུ་ཞིག་ཡིན་པའི་ཚུལ་ནི། བོན་གྱི་གཏོར་ཆོག་《ཨ་བསེ་གཏོར་བསྐང་》བྱ་བར། “ ཡབ་ནི་ཨ་བསེ་རྒྱལ་བ་དང་། །ཡུམ་ནི་ས་སྲིན་མ་མོ་གཉིས། །སྲ་བརྟན་བྲག་གི་ཐེམ་པ་རུ། །ཐབས་ཀྱི་རྫུ་འཕྲུལ་སྡེབས་པ་ལས། །ཟངས་ཀྱི་སྒོ་ང་གཅིག་ཏུ་བྱུང་། །བཅག་ཅིང་བརྡོལ་བའི་སྙིང་བོ་ལ། །མི་དམར་མདུང་ཙམ་ཞིག་ཏུ་བྱུང་། །རལ་བ་མེ་རི་འོད་དུ་འཁྱིལ། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །བཙན་གྱི་ལྡེམ་འཕྲུ་དམར་པོ་བཙུགས། །སྨིན་དམར་ལྕགས་ཀྱུ་བཀུག་པ་འདྲ། །རྫི་དམར་གློག་ཞགས་འོད་དུ་འཕྲོ། །སྤྱན་མིག་དམར་པོ་དགྲ་ལ་བལྟ། །དུང་གི་མཆེ་བ་བསྣོལ་མར་གཏམས། །སྟག་གི་ཨག་ཚོམ་མེ་ལྟར་འབར། །སྐུ་ལ་དར་དམར་བེར་ཆེན་གསོལ། །རིན་ཆེན་ལྕགས་ཀྱི་གོང་ལག་བཏགས། །གཅན་གཟན་སྟག་གི་ཆ་ག་ཅན། །སྦྲུལ་ནག་བསྡམས་པའི་སྐ་རགས་བཅིངས། །སྟག་རལ་གཡས་ལ་འོད་ཀྱང་འཁྱུག །གཟིག་ཤུབ་གཡོན་ལ་ཟེར་ཀྱང་འཕྲོ། །རལ་གྲི་ངར་ཆེན་གློག་དམར་འཁྱུག །གཡས་པས་སྦྲུལ་ཞགས་དམར་པོ་འདེབས། །གཡོན་པས་བྲག་བྱ་འུག་པ་འཛིན། །ཞབས་ལ་བསེ་ལྷམ་ལྕགས་མཐིལ་མནབས། །སྦྲུལ་དམར་ཆུན་པོ་སྐུ་ལ་བརྒྱན། །རྟ་ནག་རྟིང་དཀར་ཆིབས་སུ་བཅིབས། །མི་མགོའི་སྒ་ལ་སྟག་གི་སྟན། །གསེར་སྲབ་གཡུ་མཐུར་ལྕགས་ཀྱི་ཆས། །མི་མགོའི་ཐོད་ལྡེམ་ཕྱང་ངེ་ཕྱང་། །ཟངས་ཀྱི་ཡོབ་ཆེན་སི་ལི་ལི། །བཙན་གྱི་དམག་ཚོགས་འབུམ་གྱིས་བསྐོར། །སྤྱང་ཀི་སྔོན་པོ་སྡུན་ན་རྒྱུག །ཟངས་ཀྱི་ཝ་མོ་རྗེས་སུ་འབྲང་། །བཙན་གླག་འུག་པ་ཀླད་ན་ལྡིང་། །སྟོང་ཁམས་ཉུལ་ཞིང་གླིང་བཞི་བསྐོར། །སྐྱེས་པ་དར་མའི་ཚེ་སྲོག་གཅོད། །བུད་མེད་རྣམས་ཀྱི་སྲིད་ཀྱང་བརྐུ། །བོན་པོ་རྣམས་ཀྱི་ཉམས་ཀྱང་ལེན། །བན་དེ་རྣམས་ཀྱི་སྲོག་ཀྱང་གཅོད། །བྱིས་པ་རྣམས་ཀྱི་སྲི་རུ་བྱེད། །དྲག་བྱེད་བདུད་བཙན་སྲོག་གི་བདག །སྔོན་གྱི་བསྐལ་བ་དང་པོ་ལ། །སྟོན་པ་གཤེན་རབ་མི་བོ་དེ། །རི་རབ་རི་ཡི་རྩེ་མོར་བྱོན། །ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །སྣང་སྲིད་སྡེ་བརྒྱད་དབང་དུ་བསྡུས། །དེ་དུས་བྲག་བཙན་རྒྱལ་པོ་ཡང་། །དམ་ལ་བཏགས་ཤིང་ལས་ལ་རྦད། །གཡུང་དྲུང་བོན་གྱི་སྲུང་མར་བསྐོས།④ཞེས་པ་ལས། བྲག་བཙན་ཨ་བསེ་རྒྱལ་བའི་སྐུའི་ཆ་བྱད་དང་མཐུ་ནུས། ཁོང་བོན་སྐྱོང་སྲུང་མར་སུས་བཀོད་སྐོར་ཞིབ་པར་རྟོགས་ནུས་སོ། །
          རྙིང་མ་བའི་འདོན་ཆོག་གང་མང་དུ་བཙན་རྒོད་དེ་ཉིད་མི་དམར་རྟ་དམར་བཅིབས་པ་ཞིག་ཡིན་པར་མ་ཟད། རི་བྲག་དམར་པོར་གནས་པ་ཞིག་ཡིན་པར་གསུངས་ཏེ། བཙན་རྒོད་མཐུ་བོ་ཆེ་གང་དུ་བཞུགས་པའི་གནས་དང་སྐུའི་བྱེ་བྲག་པའི་ཆ་བྱད་ནི། དགེ་སློང་རཱ་ག་ཨསྱས་གསུངས་པའི་དམངས་ཁྲོད་འདོན་ཆོག་《བཙན་མཆོད་》 ལས། “ཀྱཻ༔ ཕྱོགས་ཕྱོགས་དག་ནི་ཕ་གི་ན། །ཉི་མ་ནུབ་བྱང་ཕ་གི་ན། །བཙན་ཡུལ་རི་བྲག་དམར་པོ་ལ། །བཞུགས་པའི་བཙན་རྒོད་མཐུ་བོ་ཆེ།།”ཞེས་བཙན་རྒོད་དེ་ཉིད་ཉི་མ་ནུབ་བྱང་ཕྱོགས་ཀྱི་རི་བྲག་དམར་པོར་བཞུགས་ཡོད་པར་ངོས་བཟུང་བ་དང་། ཡང་བཙན་གྱི་བྱེ་བྲག་པའི་སྐུའི་ཆ་བྱད་ནི། དེ་ཉིད་ལས། “མི་དམར་རྟ་དམར་བྱུ་རུའི་མདོག །སྐུ་ལ་ཟངས་ཁྲབ་དམར་པོ་གསོལ། །དབུ་ལ་ཟངས་རྨོག་དམར་པོ་མནབས། །ཕྱག་ན་བ་དན་ཞགས་པ་བསྣམས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །”ཞེས་བཙན་རྒོད་མི་རྟ་འཁོར་གསུམ་གྱི་མདོག་དམར་པོ་ཡིན་པ་ལས་གཞན། དཔའ་ཆས་སྤྲས་པའི་སྐྱེ་བོ་ཞིག་གི་རྣམ་པའང་ལྡན་པར་མངོན། དེ་ནས་བཙན་གྱི་སྐུ་འཁོར་དུ་མངག་གཞུག་ཕོ་ཉ་མང་པོས་བསྐོར་ཡོད་པའི་ཚུལ་ནི། དེ་ཉིད་ལས། “བཙན་དམར་འབུམ་གྱི་འཁོར་གྱིས་བསྐོར། །ཁྱེད་ཀྱི་འཁོར་གྱི་ཕོ་ཉ་བ། །ལ་བཙན་དང་ནི་ལུང་བཙན་དང་། །བྲག་བཙན་དང་ནི་ཆུ་བཙན་དང་། །གངས་བཙན་དང་ནི་གཡའ་བཙན་དང་། །རླུང་བཙན་དང་ནི་ཤིང་བཙན་དང་། །འཁོར་དང་བཅས་པ་མ་ལུས་པ།།”⑤ཞེས་ལ་ལུང་རི་ཆུ་དང་། གཡའ་གངས་བྲག་གསུམ་ལ་སོགས་ཁོ་ར་ཁོར་ཡུག་ཐམས་ཅད་དུ་བཙན་གྱིས་ཁེངས་མེད་ས་མེད་པར་མ་ཟད། ཐ་ན་གང་དུ་གནོད་པའི་ལས་བགྱི་མཁན་ཡོད་ན་དེ་གར་བཙན་འཁོར་རྣམས་སྐྱི་བསེར་རླུང་དང་འགྲོགས་ནས་ལྷགས་ཡོང་བར་གསུངས། སློབ་དཔོན་པདྨའི་《ལྷ་འདྲེ་བཀའ་ཐང་》དུ་བཙན་ཚོགས་ཀྱི་གཙོ་བོ་ནི་རྫོང་བཙན་ཀི་རྟི་བྱ་བ་དེ་ཡིན་པར་གསུངས་ལ། བཙན་རྒོད་འབར་བ་ནག་པོ་ཞེས་བྱ་བ་དེ་བཙན་དམར་དང་མི་མཚུངས་པར། མི་ནག་རྟ་ནག་ལག་ཏུ་བཙན་མདུང་དང་བཙན་ཞགས་འཛིན་པ། བསེ་ཁྲབ་དང་བསེ་རྨོག་གྱོན་ཅིང་སྡང་མིག་དགྲ་ལ་བལྟ་ཞིང་མཆེ་བ་གཅིགས་པ། བཙན་དམག་བྱེ་བ་དུང་ཕྱུར་ལ་སོགས་འཁོར་དམག་ཁྲིད་ནས་འགྲོ་བ་ཡིན་གསུངས།          བཙན་ལ་བཙན་རྒོད་འབར་བ་སྤུན་བདུན་གྱི་གྲངས་འདྲེན་ལུགས་ཡོད་དེ། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་བཞེད་ལུགས་ལ། “གནོད་སྦྱིན་ཙིའུ་དམར་པོ་དང་། སྐྱིད་ཤོད་རྫོང་བཙན། སུམ་རིང་གྲི་བཙན། ཀང་ཀ་ནག་གི་ཀླུ་བཙན། ཙ་ལ་ཐོག་རྒྱུག་གོང་བཙན། ཧོར་བོད་ཀྱི་རྗེ་བཙན། སྐུ་ལ་ཞལ་གྱི་བཙན་”⑥རྣམས་ཡིན་གསུངས། ཡང་ཁ་ཅིག་གིས་བཙན་རྒོད་ཡམ་ཤུད་དམར་པོ་དང་བཙན་རོལ་བ་སྐྱ་བདུན་ནི་བོད་ཁམས་ཡོངས་སུ་གནས་པའི་བཙན་གྱི་སྡེར་གཏོགས་ཟེར། བོད་དབུས་གཙང་ཕྱོགས་ལ་མཚོན་ན། བཙན་ཐམས་ཅད་ཀྱི་བདག་པོའམ་རྒྱལ་པོ་ནི་ཙིའུ་དམར་པོ་ཡིན་པར་བཤད་དེ། དེ་སྔོན་བཙན་གྱི་བདག་པོ་དེ་ཉིད་གནས་ས་ནི། རི་བྲག་དམར་པོ་མཐོ་བ་ནམ་མཁའི་དབྱིངས་སུ་བསྙེགས་པ། བྱ་གླག་དམར་པོ་མཁའ་ལ་ལྡིང་སྐོར་རྒྱག་པ། བཙན་ལྷ་རྣམས་ཕྱོགས་མཚམས་ངེས་མེད་རྒྱུ་བ། འཁོར་དུ་བཙན་ཞགས་སྦྲུལ་ནག་འཁྱུག་པ། རི་བྲག་དམར་པོའི་དཀྱིལ་དབུས་སུ་ཁྲག་མཚོ་འཁོལ་བའི་ནང་ཤོད་དུ་ཟངས་དམར་གྱི་ཕོ་བྲང་ཡོད་པ་དེར་བཞུགས་ཡོད་པར་བཤད་ཅིང་། རྗེས་སུ་བསམ་ཡས་དགོན་པའི་བསྟན་སྲུང་དུ་བཀོད་པ་ནས་བཟུང་། དགོན་པའི་འཁྲིས་ལོགས་སུ་ཆེད་དུ་བཙན་ཁང་བཞེངས་ཏེ་ཕྱི་ཐམས་ཅད་གཞལ་ཡས་ཁང་གི་ཚུལ་དུ་རས་དམར་པོས་བཏུམ་ཡོད་པར་གྲགས། མིའི་ཚེ་ཡི་འཕེན་པ་རྫོགས་ནས་དབུགས་ཆད་ལ་ཉེ་སྐབས། ཙིའུ་དམར་པོས་བཙན་འཁོར་མངག་གཞུག་ཕོ་ཉ་བཏང་སྟེ་མི་ཤི་བཙན་འཁོར་དུ་འགྲོ་བ་རྣམས་འཛིན་པ་དང་། དེ་རྣམས་བཙན་ཁང་ནང་བཅུག་སྟེ་བེམ་པོ་རྡོ་ལེབ་ཐོག་བསྒྱེལ་ནས་གྲི་དང་སྟ་རེས་ཡན་ལག་སོ་སོར་གཏུབ་པར་བཤད་ཅིང་། དེ་དག་གིས་བཙན་ཁང་གི་སྒེའུ་ཁུང་དང་རྩིག་ལྡེབས་ངོས་སུ་སེན་འདྲད་བྱས་པའི་རྗེས་ཤུལ་དུ་ཁྲག་དམར་འཛར་ཡོད་པའང་མཐོང་ཐུབ་པ་དང་། ཡང་ངག་རྒྱུན་དུ་བསམ་ཡས་ཕྱོགས་སུ་མཚན་མོར་ཤི་འདྲེའི་ངུ་སྐད་ཐོས་རྒྱུ་ཡོད་པ་དང་། བཙན་ཁང་གི་ཉེ་གཞོགས་ནས་ཉན་ཚེ་ཞག་ནུབ་གང་བོར་ནང་དུ་ཁྲོག་སྒྲ་ཆོམ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་སྒེའུ་ཁུང་གི་རྩ་ནས་མནམ་ཚེ་ཁྲག་དྲི་བྲོ་བ་ཡང་ཚོར་ཐུབ་པར་བཤད།⑦
          དེ་ཡང་ལྷ་ས་ནས་གཞིས་རྩེར་འགྲོ་བའི་ལམ་བར་ནས་ཡར་འབྲོག་གཡུ་མཚོའི་བར་དུ་ཁྱོན་བསྡོམས་བཙན་ཁང་ཆེ་ཆུང་བདུན་ལྷག་ཡོད་པ་དེ་བཙན་འབར་བ་སྤུན་བདུན་གྱི་མཆོད་གནས་ཡིན་པར་བཤད་ཅིང་། བཙན་དེ་དག་གི་གསང་ཡུམ་བདུན་པོ་དེ་དག་ཚང་མ་ཁྱིའི་མགོ་བོ་ཅན་རྐྱང་ཡིན་ཏེ། ཁྱི་མོ་མིག་དམར་ཁ་ནས་དུག་རླངས་གཏོང་བ་ནི་ལྷ་བཙན་དང་ཀླུ་བཙན་གྱི་རིགས་དང་། མིའི་ཀླད་ཞོ་འགེམས་པ་ནི་བྲག་བཙན་དམར་མོ་དང་། ཁྱི་མོ་མིག་སྔོན་པོ་ལག་ཏུ་ནད་ཀྱི་རྐྱལ་བ་འཛིན་པ་དང་མིའི་སྐེ་རྩར་སོ་བཏབ་སྟེ་དབུགས་བསྒགས་པའི་ཚུལ་བྱེད་པ་བཅས་སོ་སོ་ལྷ་ཀླུ་བདུད་དང་གདོན་བཙན་གྱི་རིགས་སུ་གཏོགས་པར་འབྲེལ་ཡོད་ཞིབ་འཇུག་དཔྱད་གཞིར་འཁོད་དོ། །⑧
          གཉིས་པ། བཙན་གྱི་མཐུ་ནུས་དང་བཙན་གནོད་བཅོས་ཐབས།
          བཙན་གྱི་ཞགས་པ་ནི་ཧ་ཅང་མཐུ་མྱུར་ལྡན་པ་ཞིག་ཡིན་པར་གསུངས་ཏེ། ཁམས་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས། “བཙན་གྱི་ཞགས་པ་དམར་པོ་མེ་སྟག་འབར་བའི་འོད་ཟེར་ཅན། རྡོ་རྗེ་ལུ་གུ་རྒྱུད་ལྟར་བརླིང་ཞིང་སྲ་བ། སྦྲུལ་ལྟར་འཁྱུག་ཅིང་མཉེན་ལ་འཁྱིལ་བ། དགྲ་ལྷའི་ཕྱག་ན་གློག་ལྟར་འཁྱིལ་ཞིང་དམིགས་པའི་གནས་སུ་སྐར་མདའ་ལྟར་འགྲོ་བ། གཞོང་གི་ཕྱོགས་རྣམས་མེ་རླུང་འཚུབ་པ། འཕངས་པ་དང་ཐེབས་པ་དུས་མཉམ་ཡིན་པ། སྤྱི་དགྲ་ལ་རིམས་ནད་ལྟར་འདེབས་པ། སྒོས་དགྲ་ངོ་ཤེས་པ་ལྟར་དམ་པ། བརྣག་པའི་དགྲ་བོ་བཤས་ལུག་ལྟར་འཛིན་པ། ཉེས་བྱེད་སྐེ་ནས་ཤ་བཙོག་ལྟར་ཁྲིད་པ། འདྲ་བའི་ནང་ནས་མི་ནོར་བ། མང་པོའི་གསེབ་ནས་མི་འཆོར་བ། བཟུང་ནས་མི་འཁྲོལ་བ། བཅིངས་ནས་མི་ཐར་བ། ཕས་རྒོལ་གྱི་ལྟག་ན་གཉའ་ཤིང་ལྟར་ལྕི་བ། བསྟན་དགྲའི་རི་དྭགས་ཁྱི་སྤྱང་ལྟར་འདེད་པ། གང་ཡང་ཐོགས་མེད་རླུང་གི་ཤུགས་ཅན། བཙན་དམར་འབུམ་སྡེའི་ཤ་སྟོན་སྡུད་པ། ལས་མཛད་ཕྱག་གི་མངག་གཞུག་ཆེན་པོ་དགྲ་འདུལ་དཔའ་བོའི་ཟླ་གྲོགས། དབང་བསྒྱུར་དྲག་པོའི་མཚོན་ཆ། དོན་ཡོད་འཕྲུལ་གྱི་ཞགས་པ་ཡིད་བཞིན་གྱི་ཨ་ལོང་ཅན། སྒྲུབ་མཆོག་རྣལ་འབྱོར་བས་གར་བསྐུལ་ཕོ་ཉ་ལྟར་འཇུག་པ་སོགས་”⑨གསུངས་ཡོད་པ་ལས། བཙན་གྱི་ཞགས་པ་འདི་ལ་མཐུ་དང་ནུས་པ་ཇི་འདྲ་ཞིག་ཡོད་པ་རྟོགས་ཐུབ་ཅིང་། འབྲེལ་ཡོད་བཙན་མཆོད་སྐོར་གྱི་འདོན་ཆོག་གང་མང་དུ་“བཙན་གྱིས་ཞགས་པ་འདེབས་པ་བཟློག་”ཅེས་དང་། ཡང་“བཙན་གྱིས་ཞགས་པ་མ་འདེབས་ཤིག” དང་“བཙན་གྱི་གློ་བུར་གཟེར་ནད་བཟློག”སོགས་འབྱུང་ངོ་། །གཞན་བསྟན་སྲུང་དང་ཆོས་སྐྱོང་ལ་ལའི་ཕྱག་ཆར་ཡང་ཞགས་པ་བཟུང་ཡོད་དེ། ཞགས་པ་ནི་བསྟན་དགྲ་གཤེད་མ་ངན་པ་ཚར་གཅོད་བྱེད་དམ་བདུད་སྡེ་མ་རུངས་པའི་ཚོགས་འཇོམས་བྱེད། ཡང་ན་དེ་དག་གི་སྲོག་གི་རྒྱུ་གཅོད་བྱེད་ཅིག་གམ་སྲོག་གི་སྟོབས་འཕྲོག་བྱེད་ཅིག་ཡིན་པར་གསུངས། གོང་ནས་བཤད་ཟིན་པ་ལྟར། བཙན་གྱི་ཞགས་པ་ནི་མདོག་དམར་པོ་རྣོ་མྱུར་དང་ལྡན་པ་ཞིག་ཡིན་པ་ལ་“བཙན་ཞགས་དམར་པོ་”ཞེས་འབོད་ཅིང་། དེ་བཞིན་བདུད་ཀྱི་ཞགས་པ་ལ་“བདུད་ཞགས་ནག་པོ་”དང་། འབྱུང་བ་ལྔར་དབང་བྱེད་པའི་འཕྲུལ་གྱི་ཞགས་པའི་རིགས་ལ་“གློག་ཞགས་” དང་། “རླུང་ཞགས།” “ཆུ་ཞགས།” “ཉི་མའི་ཞགས་པ་” སོགས་ཡོད་པར་གསུངས་ཤིང་། གཞན་ཡང་བསྟན་སྲུང་ཆོས་སྐྱོང་གི་ཕྱག་མཚན་རྒྱུ་རིན་པོ་ཆེ་ལས་གྲུབ་པ་ལ་“རིན་ཆེན་ཞགས་པ་”དང་། དྲག་པོའི་ཆ་བྱད་དུ་“རྒྱུ་མའི་ཞགས་པ་”འཛིན་པ་ཡང་ཡོད་པས། རིགས་དང་དབྱེ་བ་མང་པར་གསུངས་སོ། །
          དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན། བཙན་ལ་རྒྱུན་ལྡན་གྱི་རྒྱུ་ལམ་ཡོད་པར་བཤད་ཅིང་། བཙན་དེ་རྒྱུ་བའི་དུས་ཚོད་ནི་ཞོགས་པའི་ཉི་ཟེར་དང་དགོང་དྲོའི་ཉི་ནུབ་མཚམས་ཡིན་པ་ལས། བཙན་རྒྱུ་བའི་ཤུལ་ལམ་དེ་རླུང་ཁ་དོག་དམར་པོ་ཞིག་ཡིན་པར་བཤད། གལ་ཏེ་བཙན་གྱི་རྒྱུ་ལམ་ནས་བཙན་དང་གདོང་ཐུག་བརྒྱབ་ཚེ། དེ་མ་ཐག་ཏུ་མི་དེ་ཉིད་བརྒྱལ་འགྲོ་བ་དང་། གལ་སྲིད་རླུང་དམར་པོ་བཙན་གྱི་རྒྱུ་ཕྱོགས་དེ་ལས་སོར་གང་བྱོལ་གཟུར་ཡོད་ན་བཙན་གྱིས་གནོད་སྐྱེལ་མི་ཐུབ་པར་མ་ཟད། བཙན་གྱི་རྒྱུ་ཕྱོགས་སུ་གར་འགྲོ་འདིར་འདུག་ལྟད་མོར་བལྟས་བསྡད་ཆོག་པར་ཡང་བཤད། གལ་སྲིད་ཁང་ཁྱིམ་དང་ཤིང་སྡོང་ལ་སོགས་པས་བཙན་གྱི་རྒྱུ་ལམ་བཀག་ཚེ་བཙན་མདའ་ཕོག་པ་སོགས་བཙན་གྱི་གནོད་པ་ཡོང་བས། གནས་དེར་བཙན་མདོས་དང་བཙན་མཆོད་བཏང་སྟེ་རྡོའི་ཐོ་རྟགས་སློང་དགོས་པར་བཤད། སྐྱེས་པ་དར་མའི་ཚེ་དང་སྲོག་ལ་བར་དུ་གཅོད་པ་དང་།  བུད་མེད་རྣམས་ཀྱི་སྲིད་བརྐུ་བ་དང་། བོན་པོ་རྣམས་ཀྱི་ཉམས་ལེན་པ་དང་། བན་དེ་རྣམས་ཀྱི་སྲོག་གཅོད་པ་དང་། བྱིས་པ་རྣམས་ཀྱི་སྲི་རུ་བྱེད་པ་སོགས་གོང་དུ་བོན་གྱི་བྲག་བཙན་ཨ་བསེ་རྒྱལ་བའི་སྐོར་འཁོད་པ་ལས་བཙན་གྱི་གནོད་པའི་སྐོར་རགས་ཙམ་ཤེས་ལ། གཞན་མིའི་ཁ་ཡོ་བ་དང་། སྐེ་འཁྱོག་པ། ཀླད་གཉན་གཟེར་(脑膜炎)འབྱུང་བ་ལ་སོགས་ཀྱང་བཙན་གྱི་གནོད་པ་ཡིན་ཟེར། བོད་ཀྱི་ས་ཆ་གང་མང་ཞིག་ཏུ། ཤིང་ཀྱལ་རྟ་དམར་པོ་དེ་བཙན་གྱི་གནོད་པ་འགོག་བྱེད་ཀྱི་རྫས་ཧ་ཅང་གལ་ཆེ་བ་ཞིག་ཏུ་བརྩི་བ་ཡིན་ཏེ། བྱིས་པ་དང་བཞོ་ཟོག་ནོར་ཕྱུགས་སོགས་ཀྱི་སྐེར་ཀྱལ་རྟའི་ཡལ་ཀ་དུམ་བུ་ཞིག་འདོགས་པ་ནི་དེའི་དོན་རང་ཡིན་པ་དང་། བཤད་རྒྱུན་ལ་ལར། “ཀྱལ་རྟ་དམར་པོ་ཡོད་ས་ན། །བཙན་རྟ་བུ་ལ་ཁྱེར་བ་མེད། །” ཟེར་སྲོལ་ཡང་ཡོད།
          མི་རང་ལ་གནོད་པ་བྱེད་མཁན་གྱི་བཙན་དག་ཞི་བའི་སྒོ་ནས་འགུག་ཐབས་ནི། བོད་དམངས་ཁྲོད་ཕྱག་ལེན་དུ་ནམ་མཁའི་མཚོན་དོད་དུ་“མདོས་”བྱ་བ།  ཤིང་ཐུར་རྒྱ་གྲམ་བསྣོལ་མའི་དབྱིབས་ལ་དར་ཚོན་དམར་པོས་དྲ་བ་བཟོས། དེའི་སྟེང་བྱ་སྒྲོ་བཙུགས། གཞོགས་གཉིས་སུ་“ནམ་མཁའི་ལག་པ་གཉིས་”ཟེར་བའི་མདོས་ཆུང་གཉིས་བཙུགས། མདོས་འཛུགས་སའི་སྣོད་དུ་ཡུངས་དཀར་ཀྱི་འབྲུ་བླུགས་ནས་མདོས་ཆོག་བསྒྲུབ་སྲོལ་བྱུང་། བཙན་མདོས་ལས་ཆེས་མཆོག་ཏུ་བཟོ་སྲོལ་ནི། རྒྱུ་ཤིང་དམར་པོས་བཟོས་པའི་མདོས་གཏོ་སྟེ། སྟེང་དུ་འུག་སྒྲོ་འཛུགས་པ་དེ་ཡིན་པར་བཤད་ཅིང་། སྤྱིར་བཏང་འུག་པ་ནི་བཙན་བྱ་ཡིན་པར་ངོས་བཟུང་བའི་ཆ་ནས། བཙན་བྱ་འུག་པ་དེ་མཚན་མོ་རྒྱུ་བའི་ཐན་བྱ་ཡིན་པས་མི་ཤི་བའི་རྣམ་ཤེས་ཚོར་ཐུབ་པར་བཤད་ཅིང་། བོད་མིས་རྟག་པར་འུག་པ་གྲགས་པར་འཛེམ་དོགས་དང་རྣམ་རྟོག་སྐྱེ་བ་ཡང་རྒྱུ་མཚན་འདི་རང་ལ་ཐུག་ཡོད་པར་སེམས། བཙན་མདོས་སྟེང་འུག་སྒྲོ་འཛུགས་པ་ཡང་མཁའ་ལ་རྒྱུ་བའི་བཙན་འགུག་སླ་བའི་གོ་དོན་ཤིག་ཨེ་ཡིན་སེམས། གཞན་ཡང་ཁྲམ་ཤིང་ཐོག་བཙན་མདོས་ནམ་མཁའི་དྲ་བ་བྲིས་ཏེ་བཙན་མཆོད་བྱེད་པ་དེ་ཡང་བཙན་འགུག་བྱེད་ཀྱི་མཆོད་ཆས་གཙོ་བོ་ཞིག་ཡིན་པར་བཤད་དོ།།
          ཕྱི་རྒྱལ་གྱི་བོད་རིག་པ་མཁས་ཆེན་ཧལ་མུ་ཐི་ཧོ་ཧྥུ་མན་ (Helmut Hoffmann) ལགས་ཀྱིས། “བོད་ཀྱི་སྐུ་ཁོག་པས་ལོ་རེའི་གནམ་ལོ་གསར་ཚེས་སྐབས་སུ། གདོན་བཙན་བསྐྲོད་པའི་ཆོ་ག་ཞིག་བསྟར་བར་བྱེད་དེ། སྐུ་ཁོག་པས་ལུས་ལ་ཁྲབ་རྨོག་གྱོན། ལྷ་བབས་པ་ན་ལུས་པོ་འདར་བ་དང་། ངོ་གདོང་དམར་ནག་ཏུ་གྱུར་ཏེ་མིག་གཉིས་ཆེས་ཆེར་བགྲད། ཁྲོ་ཉམས་དང་བཅས་ལྷ་སའི་ཁྲོམ་སྲང་བཞི་མདོ་སོ་སོར་སོང་སྟེ་ལོ་རྙིང་པའི་འདྲེ་གདོན་སོ་སོར་བཙན་མདའ་འཕེན། མཐར་གླུད་གཏད་དེ་ཉིད་མེའི་ནང་བསྲེགས་པར་བྱེད”⑩ཅེས་འཁོད་པ་ནི། དེ་སྔའི་བོད་ས་གནས་སྲིད་གཞུང་གིས་སྐུ་ཁོག་པའི་དམིགས་བསལ་གྱི་ཆོ་ག་འདི་ལ་བརྟེན་ནས་གདོན་བཙན་བསྐྲོད་པའི་ལས་གསང་བ་ཞིག་ཡིན་པར་འདུག་སྟེ། ཆོ་ག་འདི་དང་མཐུན་པ་དེང་ཨ་མདོ་རེབ་གོང་ཕྱོགས་སུ་སྔགས་པ་ཚོས་སྒྲུབ་པ་དང་། རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ་ཆེན་མོའི་སྐབས་སུ་དམངས་ཁྲོད་ལྷ་པ་ཚོས་“གླུད་གཏད་”དང་“བཟློག་ཤིང་” མེར་བསྲེགས་ཏེ་བསྟར་པར་བྱེད་པ་ཡིན་ནོ། །
          གསུམ་པ། བཙན་སྐོར་གྱི་དཔྱད་པ།
          དཔྱད་པ་དང་པོ། བཤད་རྒྱུན་དུ་བཙན་ནི་རྣམ་ཤེས་འཁྱམས་པོ་གར་འགྲོ་འདིར་སྡོད་ངེས་མེད་དུ་རྒྱུ་བ་ཞིག་ཡིན་པས། དེ་འཛིན་ཐབས་སུ་མདོས་བཙུགས་སྟེ་བཙན་ཚུར་འགུག་པ་ཡིན་སྟབས། སྲོལ་འདི་རིམ་གྱིས་བཙན་མཆོད་ཆོ་གའི་ཁྲོད་མ་ཚང་ན་མི་ཆོག་པ་ལྟ་བུ་ཞིག་ཏུ་གྱུར། རྗེས་སོར་རིམ་གྱིས་བདུད་འདུལ་ཐབས་སུ་“བདུད་མདོས་” དང་། བོན་ལུགས་སུ་བདུད་རྗེ་དམུ་རྒྱལ་བྱ་བ་འགུག་ཐབས་སུ་“དམུ་མདོས”། ཐེའུ་རང་འགུག་ཐབས་སུ་“ཐེའུ་རང་མདོས་”། ས་བདག་འགུག་ཐབས་སུ་“ས་བདག་མདོས”སོགས་ཆོ་ག་སྣ་ཚོགས་གཅིག་ལ་གཅིག་རྟེན་གྱིས་བོད་དམངས་ཁྲོད་དུ་དར་ཁྱབ་བྱུང་བར་མངོན་ལ། བོད་བཙན་པོའི་སྐབས་སུ། མི་ཤི་བཙན་དུ་སྐྱེས་ནས་མི་ལ་གནོད་པ་གཏོང་བ་བཟློག་ཐབས་སུ། ཤི་བོའི་བེམ་པོར་གཅར་བྱེད་སྲོལ་ཅིག་ཡོད་པར་བཤད་དེ། དཔེར་ན། སྐུ་ཞབས་ཝང་ཡའོ་དང་ཁྲིན་ཇན་གཉིས་ཀྱིས་བརྩམས་པའི་《ཏུན་ཧོང་གི་བོད་ཀྱི་ལོ་རྒྱུས་གཏེར་ཡིག》 ལས་འབྲེལ་ཡོད་དུམ་བུ་ཞིག་དྲངས་ན། “ བཙན་པོ་ནི་འདས་པ་ལ། །དབུ་སྐྲ་ནི་སྤྱི་གཙུག་བཅིངས། །གདོང་ལ་ནི་མཚལ་དམར་བྱུགས། །ལུས་ལ་ནི་རི་མོ་འབེབས། །ཡབ་ཡུམ་གྱི་སྐུ་བེམ་གཅར། །གཞན་ལ་ནི་གསང་བ་བགྱི། །”ཞེས་འཁོད་ཡོད་པར་གསུངས་ཏེ། འདིར་བརྗོད་པའི་ལུས་ལ་ནི་རི་མོ་འབེབས་ཞེས་པ་བཙན་མདོས་བཟོས་པའི་དོན་དང་། གདོང་ལ་མཚལ་དམར་བྱུགས་པ་ནི་བཙན་དམར་པོ་ཡིན་པའི་རྐྱེན་གྱིས་རེད”⑪གསུངས།
          དཔྱད་པ་གཉིས་པ། བཙན་གྱི་རིགས་རྣམས་མི་དམར་རྟ་དམར་ལ་བཅིབས་པ་ཤ་སྟག་ཡིན་པའི་བཤད་སྲོལ་འདི་སྔ་དུས་བོད་དུ་མེ་ལྷར་མཆོད་བྱེད་སྲོལ་ཡོད་པ་དང་ཡང་ཐད་ཀར་འབྲེལ་བ་ཡོད་པར་འདོད་དེ། མེ་ནི་དམར་པོ་ཡིན་པའི་ཕྱིར་གྱིས་དང་། ཡང་གཅིག་བཤད་ན། མེ་ལྷར་མཆོད་བཀུར་བྱེད་སྲོལ་འདི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་ཡོད་པའི་དམངས་ཁྲོད་མོས་དད་གལ་ཆེན་ཞིག་ཡིན་པ་ནི། ཐུའུ་བཀྭན་གྲུབ་མཐའ་སོགས་སུ་རྒྱལ་པོ་གྲི་གུམ་བཙན་པོའི་རིང་གཡུལ་དམག་གྲི་ཁར་འཆི་བའི་རིགས་དག་མི་ཤི་བཙན་དུ་སྐྱེས་པར་ཞང་ཞུང་དང་། བྲུ་ཤ། ཁ་ཆེ་སོགས་ནས་བོན་པོ་མི་གསུམ་གྲི་གཤེད་དུ་གདན་དྲངས་ཏེ་འདྲེ་བཙན་བཏུལ་བའི་སྐོར་གསུངས་ཡོད་ཅིང་། ཡང་གནའ་རབས་བོད་མི་རྣམས་ཀྱིས་རི་བྲག་ཁང་ཁྱིམ་ལ་སོགས་ཁོར་ཡུག་ཕྱི་ནང་བར་གསུམ་དུ་མེ་གཏོང་བ་དེ་ཉིད་འདྲེ་བཙན་གྱི་གནོད་པ་བཟློག་ཐབས་ཤིག་ཏུ་བརྩི་བ་ནས་རིམ་གྱིས་འབྱུང་བ་མེར་གཏོགས་ཚད་ཐམས་ཅད་རང་གི་ཡབ་མེས་གོང་མ་རྣམས་ཀྱི་ཕྱག་དད་པ་བྱ་ཡུལ་དུ་ངོས་འཛིན་སྲོལ་བྱུང་བ་དང་། ཕ་མེས་གོང་མ་རྣམས་ཀྱི་འཐབ་འཛིང་གི་སྤོབས་པ་དང་དཔའ་མཛངས་བརྟུལ་ཕོད་ཀྱི་སྙིང་སྟོབས་དེ་དམར་པོ་མེ་དང་བར་སྣང་བཙན་གྱི་ཐོག་ནས་ངོ་བོ་གཞི་གཅིག་ཏུ་འདྲེས་ཏེ་མཚོན་དགོས་པ་ལྟར་སོང་འདུག⑫ ཡང་བཙན་གྱི་གནས་ཡུལ་དེ་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ལས་ནུབ་བྱང་མཚམས་ཡིན་པར་ངོས་བཟུང་བ་སྟེ། གོང་དུ་《བཙན་མཆོད་》ལས་དྲངས་པ་ལྟར་དང་། ང་ཚོས་མཐོང་གསལ་བཞིན། ཉི་མ་ནུབ་རིར་ཡལ་དུས་ས་སྲོད་ཀྱི་མཚམས་སྤྲིན་དམར་པོས་ས་གཞིའི་མདངས་བསྒྱུར་བར་བྱེད་དེ། གནའ་མིས་རང་བྱུང་གི་སྣང་ཚུལ་འདི་ཉིད་བཙན་དང་ཐད་ཀར་འབྲེལ་བ་ཡོད་པར་ངོས་འཛིན་པ་དང་། བཙན་གྱི་གནས་ཡུལ་ཀྱང་ཟངས་མཁར་དང་རི་བྲག་དམར་པོ་སོགས་ཡིན་པར་འདོད་པ་ནི། མཚམས་སྤྲིན་གྱི་འོད་མདངས་ཕྱོགས་བཞིར་འཕྲོས་པ་ནས་བཙན་གྱི་རིགས་རྣམས་ཉི་ཟེར་དང་འགྲོགས་ཏེ་རི་ལུང་ནགས་ཚལ་སྤང་ཐང་ཆུ་བོ་ལ་སོགས་གནས་ངེས་མེད་དུ་འགྲོ་བ་ཡིན་པར་ཡིད་ཆེས། དམར་པོ་བཙན་གྱི་སྡེར་གཏོགས་བྱུང་བ་ལས། དང་པོ་ནས་དམར་པོ་མེ་དང་ཁྲག་གི་མདོག་འཛིན་པའི་བར་སྣང་སྟོང་བའི་ཁམས་དེ་བཙན་རྒྱུ་ས་ཡིན་པར་ངོས་བཟུང་བ་དང་། དེ་ལས་ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་བཙན་རིགས་བསམ་གྱིས་མི་ཁྱབ་པ་བྱུང་བར་འདོད་དོ། །
          དཔྱད་པ་གསུམ་པ། བོད་དམངས་ཁྲོད་བཤད་རྒྱུན་དུ་“མི་ཤི་བཙན་སྐྱེས་”ཟེར་ཚུལ་ཞིག་ཡོད་དེ། དེ་ནི་དཔའ་བོ་གཡུལ་ལས་ཤི་བ་སོགས་དྲག་ཤུལ་གྱི་ལས་སྦྱོར་དང་རྟེན་ཅིང་འབྲེལ་ནས། ཤ་ཁྲག་གདོས་བཅས་ཀྱི་མི་ལུས་རེ་ཞིག་འཇིག་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དེ་གཞན་དུ་འཕོས་མ་ཐུབ་པར་བར་དོ་ནས་བཙན་གྱི་ལུས་བླངས་པ་སྟེ། དེང་སང་ང་ཚོའི་མཐོང་སྣང་དུ་བྱུང་བའི་ཡུལ་ལྷ་གཞི་བདག་ཞལ་ངོ་དམར་ནག་ཅན་གང་མང་ཞིག་ཁོང་ཁྲོ་ཞེ་སྡང་དང་བཅས་གཡུལ་ལས་ཤི་སྐབས་ཀྱི་ཚུལ་མཛད་སྟངས་ཡིན་ཟེར་བ་དེ་ཡང་མི་ཤི་བཙན་སྐྱེས་ཀྱི་དོན་ཡིན་པར་གོ་དགོས། དོན་དངོས་སུ་རྣམ་ཤེས་གཞན་དུ་འཕོ་རྒྱུ་ཡོད་པ་དང་། སྐྱེ་བ་སྔ་ཕྱི་མཚམས་སྦྱོར་རྒྱུ་ཡོད་པ། རྣམ་ཤེས་རང་ངོས་ནས་སྐྱེ་བ་མེད་ཅིང་འཇིག་པ་ཡང་མེད་པར་ལྟ་བ་འདི། སངས་རྒྱས་ཀྱི་བསྟན་པ་ཡུལ་དབུས་རྒྱ་གར་ནས་བོད་དུ་དར་བ་དང་། དེ་སྔོན་བོད་རང་ལ་གདོད་མ་ནས་རྣམ་ཤེས་ཀྱི་རྒྱུན་ཡོད་པར་རློམ་པའི་ལྟ་བ་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་ལས་བྱུང་བའི་ཐོན་དངོས་དམིགས་བསལ་བ་ཞིག་ཡིན་པར་ཚིག་ཐག་བཅད་ཆོག རྣམ་ཤེས་རང་ངོས་ནས་འཆི་འཕོ་སྐྱེ་འཇིག་མེད་པར་ལྟ་བ་དེ་ནི་བོད་མི་རྣམས་ཀྱི་སྣང་ངོར་གྲུབ་ཟིན་པའི་འདུ་ཤེས་འཛིན་སྟངས་ཁྱད་པར་བ་ཞིག་ཡིན་པ་དང་། བཙན་གྱི་སྡེར་གཏོགས་པའི་རིགས་དག་གར་འགྲོ་འདིར་སྐྱེས་ཀྱི་ངེས་པ་ཆེར་མེད་དེ། དེའི་ཆ་བྱད་དང་། གནས་ཡུལ། མཐུ་ནུས་པ་ལ་སོགས་པའི་ཕྱོགས་སྣ་མང་པོར་གཏན་འཁེལ་རང་བཞིན་མེད་པས་སོ། ། བཙན་ནི་ནམ་མཁའ་དང་ས་འོག་མཚམས་ཀྱི་བར་སྣང་ནས་སྐྱེས་པར་བརྗོད་དེ། བཙན་དུ་སྐྱེས་པ་ནི་མི་ཤི་བའི་རྣམ་ཤེས་ཀྱི་གནས་སྟངས་མི་འདྲ་བ་ཙམ་མ་གཏོགས་དྲག་ཤུལ་གཏུམ་སྤྱོད་ཀྱི་ལས་བྱེད་མཁན་ཡིན་པའི་ཆ་ནས་རང་བཞིན་འགྱུར་མེད་པར་བཤད།
          གཞན་སྔ་རབས་བོད་ཀྱི་རྒྱལ་པོ་རྣམས་ལ་བཙན་པོ་ཞེས་ལྷ་ཀླུ་གཉན་བཙན་གྱི་“བཙན་” ཡིག་གི་རྗེས་སུ་བདག་པོའི་སྒྲ་“པོ”ཞིག་བཏགས་ཏེ་འབོད་སྲོལ་བྱུང་བ་དཔེར་ན་གནམ་གྱི་ཁྲི་བདུན་དང་ས་ལ་ལྡེ་བརྒྱད་ལ་སོགས་པ་ཚང་མར་ཡོད། དེས་ན་སྣང་སྲིད་ཀྱི་ལྷ་མ་སྲིན་ལྷ་བཙན་ཀླུ་བཙན་དང་། ས་སྐྱོང་རྒྱལ་པོ་གཉིས་བར་ན་ཡང་སྙིང་འབྲེལ་བ་ཅི་ཞིག་ཡོད་པའི་སྐོར་ནས་དཔྱད་པ་ཕྲན་ཙམ་བཏང་ན། སྔ་རབས་བོད་ཀྱི་རྒྱལ་པོ་རྣམས་གཏུམ་དྲག་ཆེ་བའི་རྐྱེན་གྱིས་དེ་སྐད་དུ་ཐོགས་པ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ལོ་རྒྱུས་ལ་བལྟས་ན་ཁོང་རྣམས་ཀྱིས་ཞི་རྒྱས་དབང་དྲག་གང་རུང་གི་ཐབས་ཀྱིས་དགྲ་འདུལ་གཉེན་སྐྱོང་མཛད་པས་དེ་སྐད་དུ་ཐོགས་དོན་ཞིག་ཡེ་ནས་མེད་ཅིང་། གོང་ནས་བཤད་ཟིན་པ་ལྟར། འབྱུང་བ་མེ་དང་ཕལ་ཆེར་འབྲེལ་བ་ཡོད་པ་འདྲ་སྟེ། བཙན་གྱི་རིགས་རྣམས་འབྱུང་བ་མེ་དང་བར་ཐག་ཧ་ཅང་ཉེ་ཞིང་། མེ་ཡང་ཚ་ཞིང་བསྲེགས་པའི་རང་བཞིན་ཅན་དགུང་གི་ཉི་མ་དང་ཐད་ཀར་འབྲེལ་བ་ཡོད་པར་འདུག་སྟེ། བརྡ་རྙིང་“ལྡེ”ཡིག་ཁོ་ནར་ཆ་མཚོན་ན། ལུས་ཉི་མར་བསྲོ་བ་ལ་“ཉི་མར་ལྡེ”དང་། མེ་བསྒོང་ནས་ཟན་ཕྱེ་སྐྱོ་མ་བཟོ་བ་ལ་“ལྡེ་གུ་བསྐོལ”། ཚ་དྲོད་འགོག་བྱེད་ཀྱི་ལྭ་གོས་ལ་“རེ་ལྡེ”དང་། གཅིག་གིས་གྲོལ་བར་བྱེད་པ་ལ་“ལྡེ་མིག་”ལྟ་བུ་ལ་སོགས་པའི་ཟུར་ནས་གོ་ཐུབ་པ་ནི། ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་གཙུག་བཙན་ལ་སོགས་ནི་འབངས་མི་སེར་གྱི་སེམས་ཁོང་དུ་དགུང་གི་ཉི་མ་ལྟ་བུ་དང་། ཁོང་རྣམས་ཀྱི་ཆབ་སྲིད་མངའ་ཐང་གི་མཐའ་རྒྱས་པ་ནི་དཔེར་ན་ཉི་མའི་འོད་སྣང་རིས་སུ་མ་ཆད་པར་གངས་ལྗོངས་སྤྱི་ལ་ཁྱབ་པ་ལྟ་བུ་སོགས་དཔེ་དོན་གཉིས་ཆར་ནས་མིའི་བློ་ངོར་སྲིད་ན་འགྲན་ཟླ་དཀོན་པ་དང་། ཆེས་བླ་ན་མཐོ་བ། ཆེས་ཁྱད་དུ་འཕགས་པ། ཆེས་ཕུལ་དུ་བྱུང་བའི་བདག་ཉིད་ཅན་ཁོ་ན་ཡིན་པའི་ཕྱིར། རྒྱལ་པོ་ལ་བཙད་པོའམ་བཙན་པོ་ཞེས་ཞེ་ས་ཆེ་འཇོག་གི་འབོད་སྲོལ་བྱུང་བ་འཇིག་རྟེན་གསལ་བྱེད་ཀྱི་ཉི་མ་དང་ཐད་ཀར་འབྲེལ་བ་ཡོད་པའི་དབང་གིས་ཨེ་ཡིན་སྙམ། འདི་ལྟར་རིགས་འདེད་ཀྱིས་དཔྱད་ཁུལ་བགྱིས་པ་ནི་དམན་བློའི་དྲན་ཚུལ་ཙམ་མ་གཏོགས་ཁུངས་དང་ལུང་གང་ཡང་མེད་པས་ད་རུང་དཔྱད་དགོས། མདོར་ན། བར་གདོན་བཙན་དང་འབྲེལ་ཡོད་དམངས་ཁྲོད་དད་མོས་འདི་ཡང་བོད་གདོད་མའི་ཆོས་ལུགས་ཀྱི་གྲུབ་ཆ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཕྱིན། དེས་ད་ལྟའི་བར་དུ་དངོས་བརྒྱུད་ཅི་རིགས་ཀྱིས་བོད་མི་དམངས་ཀྱི་ཉིན་རྒྱུན་འཚོ་བ་དང་། ཕུང་ཁམས་བདེ་ཐང་། སྣོད་བཅུད་དོ་མཉམ། རོང་འབྲོག་ཐོན་སྐྱེད་ལ་སོགས་པའི་ཐད་ཤུགས་རྐྱེན་བཟང་ངན་སྣ་ཚོགས་ཐེབས་མྱོང་ལ། བོད་མིས་རང་བྱུང་ཁམས་ངོས་འཛིན་དང་རང་བྱུང་ཁམས་འདུལ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་ལྷ་སྲིན་སྡེ་བརྒྱད་དང་འབྲེལ་བའི་ཆོས་ལུགས་རིག་གནས་དང་འདུ་ཤེས་འཛིན་སྟངས་ཀྱིས་མ་ཁྱབ་ས་ཞིག་ཁྱོན་ནས་མེད་པས་ན། མར་དྲི་རྩམ་དྲི་དང་བསང་གསུར་གཞོབ་དྲི་བྲོ་བའི་འཇིག་རྟེན་ཁྱིམ་པ་བའི་རིག་གནས་འདིའི་སྐོར་ལ་ད་དུང་མུ་མཐུད་རྟོགས་འཇུག་བྱ་འོས་པ་ནི་ང་ཚོའི་ཕྲག་བབས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པར་སེམས་སོ། །
          མཆན་འགྲེལ།
          ① སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་《 དམ་ཅན་བསྟན་སྲུང་རྒྱ་མཚོའི་རྣམ་པར་ཐར་བ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་》ཅེས་བྱ་བར། བཙན་རྒོད་སྐྱེས་བུ་ཀླུ་བཙན་ཟེར་བ་ཞིག་ཡོད་པའི་སྐོར་གྱི་གཏམ་རྒྱུད་ཅིག་ཞིབ་རྒྱས་སུ་འཁོད་ཡོད་པས་ཞིབ་པར་དེར་གསལ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོའི་པར་ཐེངས་དང་པོ།
          ② སློབ་དཔོན་པདྨའི་《བཀའ་ཐང་སྡེ་ལྔ་》ཤོག་ངོས་61 ན་གསལ། མི་རིགས་དཔེ་སྐྲུན་ཁང་། 1989ལོའི་པར་ཐེངས་དང་པོ།
          ③ ས་ལོ་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་《ས་ལུགས་གསེར་སྐྱེམས་》ཞེས་བྱ་བ་ལས་དྲངས། དམངས་ཁྲོད་འདོན་ཆོག་ཤིང་པར་སྣ་རིང་མ།
          ④ ལྷག་པ་ཚེ་རིང་གིས་བརྩམས་པའི་《 བོན་ལུགས་དང་འཇང་རིགས་གཏོ་པའི་ཆོས་ལུགས་ཀྱི་ཁྱད་ཆོས་གཤིབ་བསྡུར་》 བོད་ཡིག་ཤོག་ངོས་165ནས་166བར་གསལ། མི་རིགས་དཔེ་སྐྲུན་ཁང་། 2003ལོའི་པར་ཐེངས་དང་པོ།
          ⑤ རཱ་ག་ཨསྱས་གསུངས་པའི་དམངས་ཁྲོད་འདོན་ཆོག་《 བཙན་མཆོད་》དུ་གསལ། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཁང་གིས་བསྒྲིགས་པའི་《རྙིང་མ་བའི་ཞལ་འདོན་གཅེས་བཏུས་》སུ་འཁོད། རཱ་ག་ཨསྱས་གསུངས་པའི་ལྷ་སྲིན་སྡེ་བརྒྱད་སྐོར་གྱི་འདོན་ཆོག་གང་མང་ཞིག་རྙིང་མ་བའི་ཁུངས་གཏུགས་ས་གལ་ཤིན་ཏུ་ཆེན་པོ་ཞིག་ལ་བརྩི་ལ། ཁོང་ནི་བཀའ་བརྒྱུད་པའི་བླ་མ་ཡིན་རུང་ལྟ་བ་རྙིང་ཕྱོགས་ཤུགས་ཆེ་བར་མ་ཟད་རྙིང་མའི་གཏེར་སྟོན་ཆེན་པོ་ཞིག་ཀྱང་ཡིན་གསུངས། དམངས་ཁྲོད་འདོན་ཆོག་སྐོར་གྱི་ཕྱག་སྲོལ་སྣ་ཚོགས་པའི་ཁུངས་དེ་རྙིང་ཕྱོགས་ནས་གཏེར་ཆེན་འདི་བ་ཚང་དང་། གསར་མ་བས་པཎ་ཆེན་བློ་བཟང་ཆོས་རྒྱན་ཚང་ཚད་མར་འཛིན་པར་གྲགས། ཁོང་གི་མཚན་གཞན་ལ་ཀརྨ་ཆགས་མེད་ཚང་དང་བདུད་འདུལ་རྡོ་རྗེར་ཡང་གྲགས་པ་དང་། ཁོང་གི་དངོས་སློབ་ཁམས་རྫོགས་ཆེན་ཚང་སོགས་མང་ལ། བཤད་རྒྱུན་ཁོང་ཉིད་མདོ་སྨད་ཁྲི་ཀར་གཟུགས་སྐུའི་བཀོད་པ་བསྡུས་པས་ཁོང་གི་སྐུ་གདུང་ཡང་དེར་བཞུགས་པར་གྲགས་སོ། །
          ⑥《ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་འབུམ་》ལས་དྲངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
          ⑦⑧ ནེ་པའི་སི་ཀེས་(NEBESKY WOJKOWITZ)བརྩམས་ཤིང་ཞེ་ཅི་ཧྲེང་གིས་བསྒྱུར་བའི་《བོད་ཀྱི་ལྷ་འདྲེ་གདོན་བགེགས་》རྒྱ་ཡིག་ལྕགས་པར་ཤོག་ངོས་189 ནས་200བར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1993ལོའི་པར་ཐེངས་དང་པོ། དེར་བསམ་ཡས་ཙིའུ་དམར་སྐོར་གྱི་ཡུལ་དངོས་རྟོག་དཔྱོད་ཡིག་ཆ་ཁ་ཚང་བཀོད་ཡོད་པ་ལས་འདིར་འབྲེལ་ཡོད་བཙན་ཁང་གི་སྐོར་ཟུར་ཙམ་དྲངས་པ་ལགས། 内贝斯基著,谢继胜译:《西藏的神灵与鬼怪》P189—P200页, 西藏人民出版社。
          ⑨ 《གནོད་སྦྱིན་ཆེན་པོ་ཙིཏྟ་དམར་པོ་ལ་བསྟོད་པ་བདུད་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་》 《ཁམས་རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ》 ལྕགས་པར་པོད་ལྔ་བའི་ཤོག་ངོས་308ན་གསལ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་པར་ཐེངས་དང་པོ།          ⑩⑪⑫ ཞེ་ཅི་ཧྲེང་གི་《 བོད་ཀྱི་ཤ་མའི་ཆོས་ལུགས་ཀྱི་ཁམས་གསུམ་གྱི་གྲུབ་ཚུལ་དང་བླ་སྲོག་གི་ལྟ་བའི་འཕེལ་རྒྱས་སྐོར་》(谢继胜著《藏族萨满教的三界宇宙结构与灵魂观念的发展》)ཞེས་པའི་རྒྱ་ཡིག་དཔྱད་རྩོམ་ལས་དྲངས། 《ཀྲུང་གོའི་བོད་རིག་པ》 1998ལོའི་དེབ་བཞི་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1