མཐོ་སྒང་གི་རྩྭ་ཐང་སྟེང་འཕེལ་རྒྱས་ཀྱི་མཆོར་ཉམས་ལྡན་པའི་གསེར་ཐར།

ཚེ་རིང་ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-10


        གསེར་ཐར་ལ་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཡོད་ཅིང་། རང་བྱུང་ཁམས་ཀྱིས་ལེགས་སྐྱེས་གནང་བའི་ཡངས་པའི་རྩྭ་ཐང་ལ་ཞི་དུལ་བག་ཕེབས་ངང་ནས་ཉམས་སུ་མྱོང་ཆོག་པའི་ས་ཆ་འདིར་གསེར་ཐར་གྱི་ལྷ་མོ་ཟློས་གར་དང་། གེ་སར་རྡོ་བརྐོས་ཚོན་རིས། བོད་རིགས་ཀྱི་ནོར་ཕྱུགས་ཀྱི་རྩིད་པ་དང་ཁུ་ལུའི་བསླས་འཐག་བཟོ་རྩལ། སི་ཁྲོན་ནུབ་རྒྱུད་བོད་རིགས་ཀྱི་ལ་གླུ་བཅས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པའི་རིགས4ཡོད་པར་བརྟེན། མི་ཆོས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ་རེད། གསེར་ཐར་གྱི་མཛེས་པའི་རང་མདངས་ནི་རང་བྱུང་ཡུལ་ལྗོངས་དང་མི་ཆོས་རིག་གནས། བརྗིད་ཆགས་ཀྱི་གངས་རི་དང་ཡངས་པའི་རྩྭ་ཐང་། གཡུ་འབྲུག་འཁྱུག་འདྲའི་ཆུ་རྒྱུན་བཅས་ཡིན་པ་རེད། མིག་རྒྱང་རིང་པོ་བྱས་ནས་བལྟས་ན་དབུལ་ཐར་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལས་ཀ་སྤེལ་ནས་གསེར་ཐར་གྱི་མ་འོངས་པར་དེ་བས་འོད་སྟོང་འབར་བའི་དམངས་འཚོའི་ལེའུ་གསར་པ་བསྐྲུན་ཐུབ་ངེས་རེད། འབྱུང་འགྱུར་ལ་སྔོན་དཔག་བྱས་ན་གསེར་ཐར་མཆོང་བརྒལ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་སྤོས་ཏེ་གསེར་ཐར་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་འཆར་འགོད་ནི་དེ་བས་འོད་སྟོང་འབར་བ་ཞིག་རེད།། 
ཤུལ་བཞག་རིག་གནས་རྒྱུན་འཛིན་དང་འགྲོགས་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པའི་གྲོང་ཁྱེར་ཞིག
         རབ་དཀར་ཁ་བའི་གོས་བཟང་གིས་བཀླུབས་པའི་གསར་ཐར་རྩྭ་ཐང་གི་ཡུལ་ལྗོངས་ལྷག་པར་ངོ་མཚར་སྟོང་ལྡན་དུ་གྱུར།  བཙུགས་མ་ཐག་པའི་སི་ཁྲོན་ནུབ་རྒྱུད་ཀྱི་ཡུན་ཧྲན་གསོམ་ཤིང་ནི་མཚོ་མོ་འཁྱིལ་བ་ནང་བཞིན་ཡུག་དང་ཡུག་བྱས་ནས་སྐྱེ་ཚུལ་བཟང་ཞིང་གསོན་ཉམས་ལྡན། རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞ་ཞི་ཡིས་གངས་རྒན་ཐང་འདམ་རའི་གླིང་གར་མ་དངུལ་བསྡོམས་འབོར་སྒོར་ཁྲི7753.5གཏོང་འཇོག་བྱས་ནས། མུའུ157.5ཅན་གྱི་མིས་བཟོས་མཚེའུ་དང་མུའུ7345ཅན་གྱི་མིས་བཟོས་འདམ་རའི་གླིང་ག་གསར་སྐྲུན་བྱས་ནས་སྤྱིའི་གཞི་ཁྱོན་མུའུ་ཁྲི2.9ལ་ཟིན་པ་རེད། དབྱར་ཤར་མ་ཐག་མཚེའུ་དྭངས་ཤིང་གཙང་བ་དང་འདབ་ཆགས་དག་གིས་མཚེའུ་ཡི་ངོས་སུ་རྩེད་འཇོ་བྱས་པ། མཚེའུ་ཁྲོད་དུ་སྔོ་ཐིང་ཐིང་གི་རི་བོའི་བརྗིད་ཉམས་མངོན་ནས་འདམ་ར་གླིང་གའི་མཛེས་ཉམས་རབ་ཏུ་རྒྱས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         མ་དངུལ་སྒོར་ཁྲི7000ལྷག་གཏོང་འཇོག་བྱས་ནས་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1.7ལས་བརྒལ་བའི་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་དང་རིག་གནས་ཁང་། དཔེ་མཛོད་ཁང་། གཟུགས་མེད་རིག་གནས་ཤུལ་བཞག་ཁང་། གེ་སར་དངོས་མང་བཤམས་སྟོན་ཁང་། འཁྲབ་རྩལ་ལྟེ་གནས། དམངས་ཡོངས་ལུས་སྦྱོང་བྱེད་སའི་ཐང་ཆེན་གྱི་ལས་གཞི་སོགས་མཉམ་སྡེབས་བྱས་ནས་བསྐྲུན་ཡོད་པ་རེད། གཟུགས་མེད་རིག་གནས་ཤུལ་བཞག་གི་ཁང་ཆེན་དུ་གེ་སར་གྱི་ཚོན་རིས་རྡོ་བརྐོས་དང་། ནོར་ཕྱུགས་ཀྱི་རྩིད་པ་དང་ཁུ་ལུའི་བསླས་འཐག་བཟོ་རྩལ། གསེར་ཐར་གྱི་གེ་སར་ཟློས་གར། སི་ཁྲོན་ནུབ་རྒྱུད་བོད་ཀྱི་ལ་གླུ། གཅེས་ཉར་བྱས་པའི་གེ་སར་ཐང་ག་སྣ་ཚོགས་སོགས་ཀྱི་བརྙན་བརྡའི་འགུལ་ཚད་ཀྱི་དངོས་པོའི་རྒྱུ་ཆ་བཤམས་སྟོན་བྱས་ནས། གེ་སར་རིག་གནས་གནས་མཆོག་གི་དམིགས་བསལ་ཡིད་དབང་འཕྲོག་ནུས་དང་རིག་གནས་ཀྱི་དགེ་མཚན་མངོན་ཐུབ་པ་རེད།
         མིག་སྔར། འཛུགས་སྐྲུན་བྱེད་བཞིན་པའི་གེ་སར་ནོར་བུ་དགྲ་འདུལ་གྲོང་ཁྱེར་གྱི་ཚོང་ལས་ཉོ་ཚོང་གི་ཕྱོགས་བསྡུས་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར1.8གཏོང་འཇོག་བྱས་ཤིང་། གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་ཁོངས་བརྒལ་ནས་དབུལ་སྐྱོར་དང་། ཕན་ཚུན་རོགས་རེས་བྱས་ཏེ་ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་པ་སྤྱད་ནས། ཚོང་ལས་ཉོ་ཚོང་ལྡུམ་ཁུལ་གྱི་ཕྱོགས་བསྡུས་གྲུབ་ཆ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། འཛུགས་སྐྲུན་གྲུབ་རྗེས་དབུལ་སྐྱོར་དང་རིག་གནས། ཡུལ་སྐོར། ཉོ་ཚོང་བཅས་ཀྱི་ལས་ཀར་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། རྒྱུན་མཐུད་དུ་ཡུལ་ཚོ་དང་གྲོང་རྡལ8ཀྱི་གྲོང་སྡེ69(དབུལ་ཕོངས་གྲོང་སྡེ43འདུས་པ)ཡི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས2720ཡི་མི་གྲངས10456གི་ཡོང་འབབ་འཕར་ཐུབ་པ་དང་། ཡང་དུ་གསེར་ཐར་རྫོང་གི་མཚོན་བྱེད་རང་བཞིན་གྱི་བཟོ་བཀོད་ཅིག་ཏུ་འགྱུར་ཐུབ་རྒྱུ་རེད། 2017ལོ་ནས་བཟུང་། གསེར་ཐར་རྫོང་གི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་རིམ་རྩིས་བྱས་ན་ཚོང་འགུག་དངུལ་འདྲེན་བྱས་པའི་མ་དངུལ་སྒོར་དུང་ཕྱུར7.9ལེགས་འགྲུབ་བྱུང་ཚར་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ལས་གཞིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20ལ་ཟིན་ནས་ནོར་སྲིད་ཀྱི་ཡོང་འཕར་དང་ཁེ་ལས་འཕེལ་རྒྱས། རྫོང་གྲོང་རིམ་སྤར་གྱི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་རེད།
         གསེར་ཁོག་གྲོང་རྡལ་བདེ་འཛོམས་འདུས་སྡེ་ཁུལ་ནི་གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་ཞིང་དག་བཅོས་བྱས་པའི་གྲུབ་འབྲས་ཡིན་ལ། ཁུལ་ཡོངས་ཀྱི་གནས་སྤོ་དབུལ་སྐྱོར་དང་བོད་ཁུལ་གྱི་ཁྱིམ་གཞིས་གསར་པའི་འཛུགས་སྐྲུན་ཁྲོད་ཀྱི་གཞི་ཁྱོན་ཆེ་བའི་གཅིག་བསྡུས་ཀྱི་གཞིས་ཆགས་ས་ཚུགས་ཤིག་ཀྱང་ཡིན་ཞིང་། གཞིས་ཆགས་ས་ཚུགས་ཀྱིས་བཟུང་བའི་སའི་རྒྱ་ཁྱོན་ལ་མུའུ720ཡོད་པ་དང་། གཞིས་ཆགས་འཆར་གཞི་ལས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ16གི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས400གཞིས་ཆགས་བྱ་རྒྱུ་ཡིན་པས་མ་ཚད། དུད་ཚང107གྱི་མི346ཁྱིམ་གཞིས་གསར་པའི་ནང་དུ་སྤོས་ཟིན་པ་རེད། ད་ཆ་སྐྱེ་ཁམས་ཐང་ཆེན1འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་དང་ཆུ་རྒྱུན1བཅོས་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། འདུས་སྡེ་ཁུལ་རིགས་ཀྱི་གཞུང་ལམ་སྒྲིག་བཀོད་དང་སྤྱི་པའི་སྔོ་ལྗང་ཁུལ་འཛུགས་སྐྲུན་བྱེད་རྒྱུ་འཐུས་སྒོ་ཚང་དུ་བཏང་སྟེ་འབྱུང་འགྱུར་དུ་རྫོང་མཁར་གྱི་རླངས་འཁོར་བཀྲུ་ཡུལ་གཉིས་ཀྱི་ལོ་རེའི་བོགས་གཏོང་གྲོན་དངུལ་སྒོར་ཁྲི24དང་ཚོང་ཟོག་ཨར་འདམ་བསྲེས་མ་གསུམ་གྱི་ལོ་རེའི་གཉེར་སྐྱོང་དབང་ཆ་སྤྲད་རིན་སྒོར་ཁྲི150  ནོར་བུ་གླིང་གའི་བཟའ་བཏུང་ཁང་གི་གཉེར་སྐྱོང་གཏན་འབེབས་ཀྱི་འགྲོ་གྲོན་སྒོར་ཁྲི2དང་ཕྱུགས་ཟོག་བཤས་རའི་གཉེར་སྐྱོང་དབང་ཆ་སྤྲད་རིན་སྒོར་ཁྲི50སོགས་འདུས་སྡེ་ཁུལ་གྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ནང་བཞག་ན་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ཡས་མས་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2600མངོན་འགྱུར་བྱུང་རྒྱུ་རེད།
         འོབ་མདའ་གྲོང་རྡལ་གྱི་ཉི་འབུམ་དར་ཡག་དམག་དཔོན་མགྲོན་ཁང་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི500ལྷག་བཏང་ཡོད་ཅིང་། མགྲོན་ཁང་དེ་ནི་དུས་ཡུན་ལོ15ཡི་རིང་ལ་ལོ་རེར་སྒོར་ཁྲི21འགན་གཙང་ལེན་བྱས་པ་དང་རྒྱལ་སྲུང་གཞུང་ལམ318པའི་རང་འདོད་ཡུལ་སྐོར་སྤྱི་གཉེར་ཁང་དང་འགན་གཙང་ལེན་གྱི་གན་རྒྱ་བཞག་པ་ནས་བཟུང་ལོ་ལྟར་གྲོང་སྡེ་ཡོངས་ཀྱི་དུད་ཚང66ལ་ཆ་སྙོམས་ཡོང་འབབ་སྒོར3181འཕར་བ་དང་། ཟླ་བ་རེར་སྒོར2000ནས2500བར་གྱི་ལས་ཞུགས་ལས་གནས12མཁོ་འདོན་བྱས་ཡོད་པས་མ་ཚད། ཏང་ཡོན་ལས་ཞུགས་མིའི་ཐེངས་གྲངས5དང་དབུལ་སྐྱོར་གནད་སྨིན་གྱི་ལས་ཞུགས་བྱེད་མཁན་མིའི་ཐེངས་གྲངས10ལ་ཟིན་པ་རེད།
         དབུལ་ཐར་འབྱོར་འབྲིང་དང་དམངས་འཚོ་སྔོན་སྤེལ། གྲུབ་འབྲས་ལོངས་སུ་མཉམ་སྤྱོད་བྱས་པ་རེད། 2017ལོར་གསེར་ཐར་རྫོང་ལ་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་ཁྲི7193མངོན་འགྱུར་བྱུང་བ་དང་གྲོང་ཡུལ་སྡོད་དམངས་ཀྱི་ཡོང་འབབ་ཁག་དབྱེ་ན་སྒོར35567དང10641ལ་ཟིན་པ་རེད། དམངས་འཚོའི་གཏོང་སྒོར་དེ་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོར་ལས་བརྒྱ་ཆ65.9བཟུང་ཡོད། འགྲིམ་འགྲུལ་འཛུགས་སྐྲུན་ཁྱབ་ཁོངས་སུ་མ་དངུལ་སྒོར་དུང་ཕྱུར20བཏང་ནས་རྫོང་ཡོངས་སུ་ཤར་གཏོང་ཐུབ་པའི་གཞུང་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ2293.8ལ་ཟིན་ཡོད། ཞིང་སྡེའི་གཞུང་ལམ་གྱི་ཁོངས་སུ་གཏོགས་པའི་ཤང་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་གྲོང་སྡེའི་གཞུང་ལམ་ཤར་གཏོང་ཐུབ་ཚད། དོ་དམ་བྱེད་ཚད་བཅས་བརྒྱ་ཆ100གསུམ་མངོན་འགྱུར་བྱུང་ཡོད། མ་དངུལ་སྒོར་ཁྲི8036.6བཏང་ནས་དབུལ་ཕོངས་གྲོང་སྡེའི43ལ་ཉེན་མེད་འཐུང་ཆུའི་ལས་གྲྭ་སྤེལ་ཡོད་པས་དུད་ཚང2872ཀྱི་མི་ཁྲི1.29ཡི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། མ་དངུལ་སྒོར་ཁྲི9765བཏང་ནས་སྲིད་འཛིན་གྲོང་སྡེ103ལ་ཡངས་དྲྭ་བཏང་བ་དང་གསར་དུ་འཕྲིན་གཏོང་ས་ཚུགས29བཙུགས་ཡོད། ཤང་དང་གྲོང་རྡལ་དུ་ཡངས་དྲྭ་ཁེབས་ཚད་བརྒྱ་ཆ100ལ་ཟིན་ཡོད་པ་དང་སྲིད་འཛིན་གྲོང་སྡེའི་ཡངས་དྲྭ་ཁེབས་ཚད་བརྒྱ་ཆ77ལ་ཟིན་ཡོད་པས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་ཆ་རྐྱེན་ལེགས་བཅོས་བྱས་ཡོད་པ་རེད། ཐོན་ལས་རོགས་སྐྱོར་ཐེབས་རྩ་སྒོར་ཁྲི4527ཁ་སྣོན་བརྒྱབ་སྟེ་ཐོན་ལས་དབུལ་སྐྱོར་སྐོར་གྱི་ལས་གཞི45ལག་བསྟར་བྱས་པ་དང་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས28གསོ་སྐྱོང་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར2.6བཏང་ནས་དབུལ་སྐྱོར་གནས་སྤོ་དང་བོད་ཁུལ་གྱི་ཁྱིམ་གཞིས་གསར་པ། ས་གཤིས་གནོད་འཚེ་ལས་གཡོལ་བ་སོགས་ཀྱི་ལས་གཞིར་གཅིག་གྱུར་འཆར་འགོད་བྱས་པས་མ་ཚད་དུད་ཚང1593གྱི་སྡོད་ཁང་གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད་པ་རེད། 2018ལོར་དབུལ་ཕོངས་གྲོང་སྡེ28དང་དུད་ཚང979ཡི་མི་གྲངས4262དབུལ་ཐར་བྱས་ཡོད་པས་དབུལ་ཕོངས་ཡིན་ཚད་བརྒྱ་ཆ5.7མར་ཆག་པ་རེད། རྒྱུན་སྡོད་སློབ་མའི་འཚོ་བ་དང་འཚོ་བཅུད་ལེགས་བཅོས་སོགས་ཀྱི་ཐད་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི1348.2བཏང་བས་མ་ཚད་སློབ་མའི་སློབ་ཡོན་རྩག་རྩིག་དང་།སློབ་གསོའི་འགན་སྲུང་གྲོན་དངུལ་སྒོར་ཁྲི315.53མེད་པར་བཟོས་ཡོད། དབུལ་ཕོངས་སློབ་མ3004ལ་སྒོར་ཁྲི234.52རོགས་རམ་དང་དབུལ་ཕོངས་སློབ་མ91ལ་སློབ་རོགས་དངུལ་བུན་སྒོར་ཁྲི73.8བཅས་བཏང་བ་རེད།
         ལོ40ཡི་རིང་གི་འགྱུར་ལྡོག་དང་ལོ40ཡི་རིང་གི་འབད་བརྩོན་བརྒྱུད་མཐར་གསེར་ཐར་འབྲོག་པའི་འཚོ་བར་སྐྱིད་ཀྱི་ཉི་མ་ཤར། དུང་གི་ཟླ་བ་འཚེར། ཁྱིམ་གཞིས་གསར་པའི་ནང་སྤོས་པའི་གསེར་ཐར་འབྲོག་པ་ཚོས་ཏང་གི་སྲིད་ཇུས་བཟང་པོའི་རོགས་རམ་འོག་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་གདའ། །
ལས་ལམ་གསར་གཏོད་བྱས་ནས་ཡུལ་མི་ཕྱུག་འགྱུར་བྱེད་རོགས་བྱེད་མཁན་གྱི་མི་རབས་ཤིག
         བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40ཡི་རིང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་རིམ་བཞིན་དུ་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པ་རེད།  ཕྱོགས་བཞི་མཚམས་བརྒྱད་ལ་ཕྱིན་ཏེ་དཀར་མཛེས་བོད་ཁུལ་གྱི་མི་དེ་བས་མང་པོ་ཞིག་ཕྱི་ཕྱོགས་དང་འཛམ་གླིང་ལ་འབྲེལ་བ་བྱས་པའི་གོ་སྐབས་རྙེད་ནས་བྱ་དངོས་གསར་པ་དེ་བས་མང་པོ་དང་ལེན་བྱས་དང་བྱེད་བཞིན་ཡོད་པ་རེད།གསེར་ཐར་རྫོང་གསེར་ཁོག་གྲོང་རྡལ་གྱི་དཔལ་འབྱོར་ནི་ཁོ་ཚོའི་ནང་གི་འཐུས་ཚབ་རང་བཞིན་གཞོན་ནུ་ཞིག་ཡིན་པ་རེད།
         དཔལ་འབྱོར་ཚང་ནི་མི་རབས་ནས་མི་རབས་བར་ཕྱུགས་ཟོག་གསོ་ཚགས་བྱས་ནས་འཚོ་བ་རོལ། ཕ་རྒན་གྱི་མི་རབས་ཡན་ཆད་རྩྭ་ཐང་ཆེན་པོ་ནས་ཁ་འབྲལ་མྱོང་མེད། སྤུན་མཆེད་མིང་སྲིང་དྲུག་གི་ནང་དུ་དཔལ་འབྱོར་ནི་སྤུན་ཨང་ལྔ་པ་རེད། ངའི་ཕུ་བོ་དང་ཨ་ཅེ་ཚང་མ་སློབ་གྲྭར་ཕྱིན་ནས་ཡི་གེ་འདོན་མྱོང་མེད། དུས་རབས20པའི་ལོ་རབས90པའི་དུས་མཇུག་ཏུ་ང་སྐྱེ་དུས་ང་ཚོའི་ཕ་ཡུལ་ལ་རིག་གནས་སྦྱོང་བའི་དར་སྲོལ་ཆགས་ནས་ངའི་ཕ་མ་གཉིས་ཀྱིས་ཀྱང་རིག་གནས་སྦྱོང་བའི་གལ་ཆེན་རང་བཞིན་ཤེས་ཏེ་ང་རང་སློབ་གྲྭར་བསྐྱལ་ནས་རིག་གནས་སྦྱོང་དུ་མངགས་ཡོད།  ང་ནི་བསོད་ནམས་ཆེན་པོ་ཡོད་མཁན་ཡིན་པ་ཞེས་དཔལ་འབྱོར་གྱིས་སེམས་འགུལ་ཐེབས་པའི་ངང་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།
         དཔལ་འབྱོར་ཆུང་དུས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ནི་ཧ་ཅང་དཀོན་པོ་ཡིན་པ་ཤེས་ཏེ་སློབ་སྦྱོང་ལ་ཧ་ཅང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཐོབ་དཀའ་བའི་གོ་སྐབས་དེར་གཅེས་སྤྲས་བྱས་མཐར་ཁྱིམ་ནང་གི་སློབ་ཆེན་སློབ་མ་དང་པོ་འགྱུར་པ་རེད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱེད་དུས་དཔལ་འབྱོར་གྱི་ཡིད་དུ་ལས་ལམ་གསར་གཏོད་བྱ་རྒྱུའི་བསམ་བློ་འཁོར་ནས། ཁོས་གཞན་ལ་ལས་ལམ་གསར་གཏོད་བྱ་རྒྱུའི་ཐོག་མའི་མ་དངུལ་གཡར་ནས་ཁྲེང་ཏུའུ་ལ་སློབ་ཁང་ཆུང་ཆུང་ཞིག་གླས་ཏེ། ཟླ་རེར་གླ་ཆ་སྒོར2000སྤྲད་དེ་བོད་སྐད་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་ཡོད། འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད་དཔལ་འབྱོར་གྱི་གསོ་སྦྱོང་སློབ་གྲྭ་དེ་རིམ་བཞིན་སློབ་ཁང་ཆུང་ཆུང་གཅིག་ནས་ཐོག་ཁང་ཧྲིལ་པོ་གཅིག་གླ་ཐུབ་པ་བྱུང་བ།   བོད་སྐད་གསོ་སྦྱོང་སློབ་གྲྭ་མྱུར་དུ་གོང་འཕེལ་ཕྱིན་པས་ཁོ་སློབ་མཐར་མ་ཕྱིན་བར་ལོ་འཁོར་རེར་སྒོར་ཁྲི10རེ་རག་པ་རེད།
         སློབ་ཆེན་ནས་མཐར་ཕྱིན་རྗེས་དཔལ་འབྱོར་ནི་ས་ཆ་དེ་བས་ཆེན་པོར་ལས་ལམ་གསར་གཏོད་བྱ་རྒྱུའི་བསམ་ཚུལ་ཤར་ནས་ཧྲང་ཧའེ་རུ་སོང་ནས་བོད་ཡིག་ཡིག་བསྒྱུར་གྱི་ལས་ཀ་ཞིག་རག་པ། ཧྲང་ཧའེ་ལ་ལས་ཀ་བྱེད་དུས་དཔལ་འབྱོར་གྱིས་ནོར་གནག་གི་ཁུ་ལུའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཞིག་ཏུ་ལྟ་སྐོར་བྱས་དུས་ནོར་གནག་གི་ཁུ་ལུའི་ཐོན་རྫས་དེ་འཛམ་གླིང་ས་གནས་གང་ལ་བཙོང་ཐུབ་པར་ཤེས་རྟོགས་བྱུང་བར་མ་ཟད།  ད་རུང་ཨོ་སི་ཁྲུ་ལི་ཡའི་གྲོགས་པོ་གཅིག་གི་བཤད་སར་ནས་ནོར་གནག་གི་ཁུ་ལུའི་ཐོན་རྫས་དེ་ཕྱི་རྒྱལ་ལ་ཚོང་བྲིན་པོ་ཡིན་པ་དང་ཐོན་རྫས་གང་འདྲ་ཞིག་ལ་མི་དམངས་ཤོག་སྒོར་སྟོང་ལྷག་ནས་ཁྲི་ལ་རག་ཐུབ་པའི་གོ་ཐོས་བྱུང་། རང་རེའི་ཕ་ཡུལ་གསེར་ཐར་ལ་ནོར་གནག་གི་ཁུ་ལུའི་རྒྱུ་ཆས་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་མི་ཚེ་མི་རབས་མཐོ་སྒང་དུ་ཕྱུགས་འཚོའི་ཡུལ་མི་ཚོས་ཚོང་རའི་ཉོ་འཚོང་བྱ་རྒྱུ་དང་རིན་གོང་མི་ཤེས་པས།  ཐོན་པའི་ནོར་གནག་གི་ཁུ་ལུ་དེ་ཕྱི་ཕྱོགས་ཀྱི་ཚོང་པ་ཁོ་ན་ལ་བཙོང་ནས་རིན་གོང་ཡང་ཧ་ཅང་དམའ་བ་ཙམ་ལས་ཐོབ་མི་ཐུབ་པ་རེད།
         2016ལོར་དཔལ་འབྱོར་སེམས་ཐག་བཅད་དེ་ཕ་ཡུལ་ལ་ལོག་ནས། བཟོ་གྲྭ་ཐབས་ཆག་ཅིག་སྐྲུན་འགོ་ཚུགས་ཏེ་ལས་མི་བསྡུ་བ་དང་ནོར་གནག་གི་ཁུ་ལུ་བསྡུ་བ། ལས་མི་གསོ་སྦྱོང་བྱས་པ། བོད་རིགས་ཀྱི་དམངས་སྲོལ་ཁྱད་ཆོས་ལྡན་པའི་རི་མོ་ཇུས་འགོད་བྱས་ནས་ནོར་གནག་གི་ཁུ་ལུ་དེ་སྒོ་ཡོལ་དང་། རས། ཁ་གདན། ལག་ཁུག་སོགས་ཀྱི་ཐོན་རྫས་ལས་སྣོན་བྱས་ཡོད།  མ་གཞི་དཀའ་ལས་ཁག་ཡོད་ཀྱང་ལས་སྣོན་བཟོ་གྲྭ་མགྱོགས་མྱུར་དུ་བཙུགས་ཐུབ་ཡོད་པ་རེད།
         བཟོ་གྲྭ་བཙུགས་ཚར་རྗེས་ལས་སྣོན་བཟོ་གྲྭ་དེ་ཇེ་མགྱོགས་སུ་རྒྱུན་ལྡན་བཟོ་གྲྭ་ཞིག་ཏུ་འཛུགས་སྐྲུན་བྱ་ཐུབ་ཆེད།  དཔལ་འབྱོར་ཧང་ཀྲོའུ་སོགས་མཚོ་རྒྱུད་ཀྱི་ས་གནས་མང་པོར་ཕྱིན་ཏེ་སློབ་སྦྱོང་དང་རྟོབ་ཞིབ་བྱས་ཤིང་།   རིགས་སོ་སོའི་ལས་ལམ་གསར་གཏོད་བྱེད་པའི་འགྲན་བསྡུར་བྱེད་སྒོ་དང་བཀྲམ་འཚོང་ཚོགས་འདུར་ཞུགས་ཏེ་ཉམས་མྱོང་གསོག་འཇོག་བྱེད་པ་དང་ཁྲོམ་ར་རྒྱ་ཆེར་བཏོད་ཡོད། ཚོང་གཉེར་བྱས་ནས་ཡོང་སྒོར་ཐོབ་རྗེས་དཔལ་འབྱོར་གྱིས་སྒྲིག་ཆས་གསར་བ་ཁ་སྣོན་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ཐོན་རྫས་གསར་པ་ཐོན་སྐྱེད་བྱས་པ་རེད།
         དཔལ་འབྱོར་གྱིས་དྲྭ་ཐོག་ཚོང་ཁང་དང་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་ནས་ནོར་གནག་གི་ཚོང་རྟགས་ཐོ་འགོད་བྱས་ཡོད། ལོ་གཉིས་ལྷག་ཙམ་ལ་དཀའ་སྤྱད་འབད་བརྩོན་གྱིས་ཚོང་གཉེར་བྱས་པར་བརྒྱུད་གསེར་ཐར་ནོར་གནག་གི་ཁུ་ལུའི་ཐོན་རྫས་དེ་ཁྲེང་ཏུའུ་དང་། ཡུན་ནན་སེམས་ཀྱི་ཉི་ཟླ་ས་གནས་སོགས་སུ་རིམ་བཞིན་སྐད་གྲགས་ཁྱབ་པ་རེད།   སྐབས་ལྔ་པའི་ལང་ཚོ་གསར་གཏོད་ཅེས་པའི་སི་ཁྲོན་གཞོན་ནུའི་ལས་ལམ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་ནང་ནོར་གནག་ཉོ་ཚོང་དང་ནོར་གནག་ཁུ་ལུའི་འཁེལ་འཐག་ཐོན་ལས་ལས་གཞིར་ཟངས་ཀྱི་བྱ་དགའ་ཐོབ།  དཀར་མཛེས་ཁུལ་སྐབས་གཉིས་པའི་ལས་ལམ་གསར་གཏོད་དཀར་མཛེས་ཡོངས་སུ་བྱེད་པའི་ལས་ལམ་ལས་གཏོད་གྱི་འགྲན་བསྡུར་ཆེ་མོའི་ནང་གསེར་ཐར་ནོར་གནག་ཁུ་ལུའི་ཐོན་རྫས་ལ་ཡང་དྲྭ་ཐོག་ཏུ་དོ་སྣང་བྱེད་མཁན་མི་མང་པོ་ཡོད་པའི་བྱ་དགའ་ཐོབ།  ད་ལྟ་ལས་སྣོན་ལས་གྲྭ་བཙུགས་པ་བརྒྱུད་ལོ་གཉིས་ཀྱི་རིང་དུ་དཔལ་འབྱོར་གྱིས་ཕ་ཡུལ་གསེར་ཐར་གྱི་ནོར་གནག་གི་ཁུ་ལུའི་རྒྱུ་ཆའི་ཉོ་སྒྲུབ་ཀྱི་རིན་གོང་དེ་སྔོན་མའི་སྤྱི་རྒྱ་གང་ལ་སྒོར40རག་པ་ནས་ད་ལྟའི་སྤྱི་རྒྱ་མ་གང་ལ་སྒོར72ཀྱི་ཐོག་ཏུ་མཐོ་རུ་ཕྱིན་ཡོད། ཡུལ་མི་སྤུན་ཟླ་དེ་བས་མང་པོར་རོགས་རམ་བྱས་ཏེ་ཕྱུག་འགྱུར་ཡོང་ཐུབ་ཆེད། གསེར་ཐར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནོར་གནག་ཉོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་དེ་བུད་མེད་ཚོས་ཁྱིམ་དུ་བསྡད་དེ་བབ་བསྟུན་ལས་ཞུགས་བྱེད་པའི་གསོ་སྦྱོང་རྟེན་གཞི་བྱས་ནས་ཡུལ་མི་སྤུན་ཟླ་དེ་བས་མང་པོར་སྣེ་ཁྲིད་དེ་ལས་བརྩོན་ཕྱུག་འགྱུར་བྱས་དང་བྱེད་བཞིན་ཡོད་པ་རེད།
         ལས་ལམ་གསར་གཏོད་བྱ་རྒྱུའི་བསམ་བློ་གསར་པ་རྩྭ་ཐང་ཆེན་པོར་འཁྱེར་ཡོང་བའི་དཔལ་འབྱོར་གྱི་ཕུགས་འདུན་དེ་རིམ་བཞིན་དུ་མངོན་འགྱུར་བྱུང་དང་འབྱུང་བཞིན་པ་དང་། ཨ་ཕ་དང་རྒན་རབས་པ་ཚོས་རིམ་བཞིན་བསམ་ཤེས་ཐོབ་པ་རེད།
         མ་འོངས་པའི་མདུན་ལམ་ནི་ད་དུང་ཧ་ཅང་རིང་བ་དང་དཀའ་ཚེགས་ཀྱང་ད་རུང་ཆེན་པོ་ཡོད་ཅིང་། འོན་ཀྱང་ཕུགས་བསམ་མངོན་འགྱུར་བྱ་ཐུབ་ཆེད་དང་། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་དེ་བས་ཡག་པོ་རོལ་ཐུབ་ཆེད། དཔལ་འབྱོར་གྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ང་རང་ནི་མུ་མཐུད་ནས་འབད་བརྩོན་བྱ་རྒྱུ་ཡིན་ཅེས་ཆོད་སེམས་འཆང་བའི་སྐད་ཆ་དེ་ལྟར་བྱས་པ་རེད།།
གློག་ཤུགས་འཕེལ་རྒྱས་ཀྱིས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་དྲན་གསོ་དུམ་བུ། 
         བཅོས་བསྒྱུར་སྒོ་འབྱེད་བྱེད་འགོ་ཚུགས་པའི་དུས་རབས་གོང་མའི་ལོ་རབས80པའི་སྐབས་སུ། གསེར་ཐར་རྫོང་ཐག་རིང་ལུང་ཁུག་ཏུ་གནས་ཤིང་རྗེས་ལུས་ཡིན་པར་བརྟེན། རྫོང་ཡོངས་སུ་རྫོང་མཁར་གྱི་གཞིས་མི་བརྒྱ་ལྷག་ལ་བད་སྣུམ་འཕྲུལ་འཁོར་གྱིས་གློག་བཏང་ནས་གློག་སྒྲོན་སྤྱད་རྒྱུ་ཡོད་པ་མ་གཏོགས། དེ་མིན་ཐམས་ཅད་ཀྱིས་གསལ་ཆ་ནི་མཆེད་མེ་བརྟེན་དགོས་པ་རེད། སྐབས་དེ་དུས་གློག་སྤྱད་རྒྱུ་མེད་ལ་མི་མང་པོས་བརྙན་འཕྲིན་ཞེས་པའི་མིང་ཡང་གོ་མྱོང་མེད་པ་རེད། ཅེས་ད་ལྟ་རྒྱལ་ཁབ་གློག་དྲྭ་གསེར་ཐར་གློག་འདོན་ཡན་ལག་སྤྱི་གཉེར་ཁང་གི་གཉེར་དཔོན་བློ་བཟང་རྒྱ་མཚོ་མེ་སྲོ་གློག་ཆས་ཀྱིས་དྲོད་ལམ་ལམ་བཟོས་པའི་གཞུང་ལས་ཁང་དུ་བསྡད་ནས་གསེར་ཐར་གྱི་གློག་ཤུགས་འཕེལ་རྒྱས་སྐོར་དྲན་གསོ་བྱེད་པའི་སྐབས་སུ་སྐད་ཆ་དེ་འདྲ་བཤད་པ་རེད། 
         ཁོམ་སྐབས་ཡོད་དུས་བརྙན་འཕྲིན་ལྟ་བ་འདྲ་པོའི་ད་ལྟ་ཆེས་རྒྱུན་ལྡན་གྱི་བྱ་བ་དེ། ལོ་བཞི་བཅུའི་སྔོན་གྱི་གསེར་རྟའི་མི་རྣམས་ལ་མཚོན་ན་རྨི་ལམ་ལྟ་བུ་རང་ཡིན་པ་རེད། 
         གསེར་ཁོག་ཤང་ཞོར་རོགས་གྲོང་སྡེའི་གྲགས་པ་ཚང་གི་བཟའ་ཟླས་རང་ཁྱིམ་གྱི་བརྙན་འཕྲིན་ལ་བལྟས་ནས་ཞབས་བྲོ་སྦྱོང་བཞིན་འདུག ལོ་གསར་པ་ཤར་བ་དང་དུས་ཆེན་ཆེན་པོའི་སྐབས་སུ་ང་ཚོས་རིག་རྩལ་ལེ་ཚན་སྒྲིག་འཛུགས་བྱེད་བཞིན་ཡོད། སྔོན་མ་ཡིན་ན་རིག་རྩལ་འཁྲབ་སྟོན་གྱི་དཔེ་ལྟ་ས་རྙེད་དཀོན་པོ་རེད། ད་ལྟ་ངོ་མ་སྟབས་བདེ་པོ་འདུག བརྙན་འཕྲིན་དང་ཁ་པར་བལྟས་ནས་རང་གིས་སྦྱོང་འདོད་ཡོད་པའི་གླུ་དང་ཞབས་བྲོ་གང་སྦྱང་བསམས་ན་སྦྱོང་ཆོག་གི་འདུག  ལེ་ཚན་གྲ་སྒྲིག་བྱེད་པར་དཀའ་ངལ་ཅི་ཡང་མེད། ཅེས་གྲགས་པའི་བཟའ་ཟླའི་བཞིན་རས་སུ་དགའ་འཛུམ་རྒྱས་ནས་དེ་ལྟར་བཤད། ད་ལྟ་གྲགས་པའི་ཁྱིམ་དུ་འབྲས་བཙོས་ན་གློག་རྡིག་དང་མེ་སྲོ་ན་གློག་ཐབ། ཟས་རིགས་སོ་ཉར་བྱེད་ཚེ་འཁྱག་སྒམ། དགུན་དུས་ཉལ་ཚེ་གློག་གདན་སོགས་གློག་གི་ཁྱིམ་ཆས་མི་སྤྱོད་པ་ཧ་ལམ་མེད་པ་རེད། 
        དུས་རབས་གོང་མའི་ལོ་རབས80ཡི་མཇུག་ལ་གསེར་ཐར་རྫོང་དུ་གཞི་ནས་གློག་ཤུགས་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་། 1989ལོར་ཧོར་ཤུལ་ཆུ་གློག་ས་ཚུགས་བསྐྲུན་ནས་གསེར་ཐར་རྫོང་མཁར་དང་ཉེར་གནས་ཤང་དང་གྲོང་རྡལ་ཁ་ཤས་ཀྱི་དུད་ཁྱིམ་སུམ་བརྒྱ་ལྷག་ལ་གློག་སྒྲོན་སྤར་རྒྱུ་བྱུང་ཡོད། འོན་ཀྱང་གློག་འདོན་ཚད་ཆུང་བས་གློག་ཤུགས་མི་འདང་བ་རེད། ཡང་སྒོས་སུ་དགུན་ཁ་ཡིན་ན་ཉིན་གྲངས་བགོས་ནས་གློག་མ་འདོན་ན་གློག་གིས་མི་འདང་། གློག་མེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཆགས་ཟིན་པ་རེད། གློག་སྐུད་ལ་སྐྱོན་བུད་ནས་གློག་བཟོ་བས་ཞིག་གསོ་བྱས་ཏེ་གློག་འདོན་ཐུབ་པ་བྱུང་ཚེ། ཁྱིམ་ཚང་གི་གློག་སྒྲོན་འབར་བ་དང་གྲོང་མི་ཚང་མ་དགའ་ནས་ཧོབ་ཆ་རྒྱག་སྲིད་པ་རེད། ཅེས་བློ་བཟང་རྒྱ་མཚོས་དེ་ལྟར་བཤད་པ་དང་། མང་ཚོགས་ཀྱིས་གློག་ལ་རེ་འདོད་ཆེན་པོ་བྱེད་པའི་འདས་དོན་དག་ད་དུང་ཁོའི་མིག་ལམ་དུ་གསལ་ལམ་མེར་མངོན་བཞིན་ཡོད། 
         2002ལོ་ནས2011ལོར། གསེར་ཐར་རྫོང་གིས་སྔོན་རྗེས་སུ་རྩེད་མདའ་དང་རི་དགེ། རྣུབ་གཟུར་སོགས་གློག་བསྒྱུར་ས་ཚུགས་ལྔ་བསྐྲུན་པ་དང་། ཤིང་གི་གློག་ཤིང་ཐམས་ཅད་སྨི་བཅུ་ཅན་གྱི་ཨ་འདམ་གློག་ཤིང་དུ་བསྒྱུར་ཡོད།  དེ་བཞིན་གློག་བསྒྱུར་ཆས་དང་གློག་ཁྲ། གློག་སྐུད་སོགས་ཀྱང་གསར་སྒྱུར་ཐེངས་མང་བྱས་ཏེ་གློག་འདོན་སྤུས་ཚད་དང་ཉེན་མེད་ཡོང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད་པ་རེད། 
         2013ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར6ལྷག་བཏང་ནས་གསེར་ཐར་དུ་གློག་ཤུགས་མཁའ་ལམ་དང་གློག་མེད་ས་ཁུལ་གྱི་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་བྱས་ཏེ། སྟོང་ཧྥུ110ཅན་གྱི་གློག་བསྒྱུར་ས་ཚུགས2དང་སྟོང་ཧྥུ35ཅན་གྱི་གློག་བསྒྱུར་ས་ཚུགས3བསྐྲུན་པ་དང་། སྟོང་ཧྥུ110ཅན་གྱི་གློག་འདྲེན་སྐུད་ལམ་སྤྱི་ལེ160ལས་པ་རེད། 2014ལོའི་ཟླ་བ12པའི་ཚེས18ཉིན་ནི་གསེར་རྟ་མི་དམངས་ཀྱིས་དྲན་རྟེན་བྱེད་འོས་པའི་ཉིན་མོ་སྟེ། ཉིན་འདིར་རྫོང་ཡོངས་ཀྱི་སྟོང་ཧྥུ110ཅན་གྱི་གློག་བསྒྱུར་ས་ཚུགས་བསྐྲུན་ཟིན་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད། དེ་ནས་བཟུང་། གསེར་ཐར་གྱི་གློག་སྤྱོད་སྐུད་ལམ་དེ་རྒྱལ་ཁབ་ཀྱི་གློག་དྲྭར་དངོས་སུ་མཐུད་ནས་གློག་བརྟན་པོ་སྤྱད་རྒྱུ་ཡོད་པ་རེད། ད་ལྟར་གྲོང་ཡུལ17གྱི་སྲིད་འཛིན་གྲོང་སྡེ134ལ་གློག་ཡོད་པ་རེད། 
         གློག་ཡོད་པར་བརྟེན་ནས་གློག་ཆས་རིགས་སྣ་མང་ཡང་དར་འགོ་ཚུགས་པ་དང་མང་ཚོགས་ཀྱི་འཚོ་བ་ལ་ཡང་འགྱུར་ལྡོག་ཆེན་པོ་ཐེབས་པ་རེད། སྔོན་ཆད་ཡིན་ན་དགུན་དུས་སུ་གསེར་རྟའི་ཡུལ་མི་ཡིན་རང་སྡོད་སྙིང་སྤྲོ་པོ་དེ་ཙམ་མེད་ལ། ཡུལ་སྐོར་འགྲུལ་པ་ཡང་ཧ་ཅང་དཀོན་པ་རེད། ད་ལྟར་ཕྱོགས་སོ་སོ་ནས་ཡོང་བའི་འགྲུལ་པ་ཚོ་དུས་བཞི་ནམ་ཡིན་ཡང་གསེར་ཐར་དུ་ཡོང་འདོད་ཡོད་ཅིང་། འགྲུལ་པ་ཁ་ཤས་ཆེད་དུ་དགུན་དུས་ཀྱི་གསེར་ཐར་གྱི་མཛེས་ལྗོངས་ལྟ་རུ་ཡོང་བ་རེད། གང་རེད་ཅེ་ན། གློག་ཡོད་པས་འཁྱག་སྡུག་མེད་པས་རེད། ཡུལ་སྐོར་སྣེ་ཤན་པ་ཝང་ཀྲི་ཡིས་ཟླ་བ་གཅིག་གི་ནང་དུ་ངས་ཡུལ་སྐོར་ཚོགས་པ་དྲུག་ཁྲིད་ནས་གསེར་ཐར་ལ་ཡོང་བ་ཡིན།  ཡུལ་སྐོར་གྱི་ཁོར་ཡུག་དང་སྒྲིག་ཆས་སོགས་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་པས་འགྲུལ་པ་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་རྡེབ་བྱེད་ཀྱི་འདུག་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1