ཇོ་རིའི་གཤམ་གྱི་ཚོགས་འདུ་རིང་མོ་ཞིག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-10


     ◆ མིག་སྔར་བཀྲ་ཤིས་འཛོམས་ཤང་གིས་འབྲི་གཡག་གཅིག་བཏང་ཚེ་ཉིན་རེར་སྒོར་90ཡོད་པ་དང་ཕྱུགས་ཟོག་འདེད་མཁན་ལ་གླ་ཆ་སྒོར་110སྤྲོད་པ་མ་ཟད་། གྱོན་གོས་ཀྱི་འགྲོ་གྲོན་སྒོར་600ཡོད།
    ◆ དངོས་སུ་འགྲོ་ཡུན་ཉིན་ཇི་ཙམ་ཡིན་རུང་རི་འཛེག་རུ་ཁག་གིས་ཉིན་9(དངོས་སུ་འགྲོ་ཡུན་སྤྱིར་ན་ཉིན་9ལས་ཉུང་བ)ལྟར་གླ་ཆ་སྤྲོད་པ།
     ◆ ན་ནིང་ཤང་ཡོངས་ཀྱི་ཁལ་གཡག་རུ་ཁག་གི་ཡོང་འབབ་སྒོར་ཁྲི་380ཙམ་བྱུང་བ་དང་། སྦྲ་གུར་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་1200བྱུང་བ། 
     ◆ ཚོང་ཡག་ཤོས་ཡིན་པའི་སྦྲ་གུར་ལ་ལོ་ཕྱེད་ནང་ཡོང་འབབ་ཁེ་གཙང་སྒོར་ཁྲི་30བྱུང་བ།
    སྔ་དྲོའི་ཆུ་ཚོད་11པར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཤང་དུ་ཕྱིན་ནས་དགོང་ཟས་མ་བཏང་བར་ཚོགས་འདུ་འཚོགས།
    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་དུ། ཤར་བྱུང་གྲོང་ཚོའི་སྐལ་བཟང་དང་གྲོང་ཚོའི་ལས་བྱེད་པ་བཅུ་ལྷག་ཙམ་གྱིས་ཤང་སྲིད་གཞུང་གི་སྒོ་རའི་ནང་རུབ་སྟེ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད་པ་དང་། ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་50ཡི་སར་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་འདི་ཉིད་སྤྲིན་རིམ་ཁྲོད་གསལ་ལ་མི་གསལ་དུ་མངོན།
     ཚོགས་འདུ་རིང་མོ་དེ་ནི་ལོ་ལྟར་ཟླ་བཞི་པའི་ཟླ་འགོར་ཇོ་རིའི་གཤམ་གྱི་ས་བབ་སྨི་4300ཙམ་ཡོད་པའི་བཀྲ་ཤིས་འཛོམས་ཤང་དུ་འཚོགས་ཀྱི་ཡོད་ཅིང་། རི་འཛེག་དུས་ཚིགས་དང་ཡུལ་སྐོར་དུས་ཚིགས་འགོ་མ་ཚུགས་གོང་། ཤང་གི་སྲིད་འཛིན་གྲོང་ཚོ་30ཡིས་གྲོང་ཚོ་གང་དག་གིས་ཡུལ་སྐོར་བའི་སྒར་ས་ཆེ་མོར་སྦྲ་གུར་མགྲོན་ཁང་གཉེར་སྐྱོང་བྱེད་པ་དང་། གྲོང་ཚོ་གང་དག་གིས་འབྲི་གཡག་བཏང་ནས་རི་འཛེག་རུ་ཁག་གི་དངོས་རྫས་སྐྱེལ་འདྲེན་བྱེད་དགོས་པ་གཏན་འབེབས་བྱེད་པ་དང་འབྲེལ། ལོ་འདིའི་བྱེད་སྒོ་དེ་གཉིས་ཀྱི་དོ་དམ་པ་བདམས་ཏེ་སྦྲ་གུར་གྱི་བོགས་དངུལ་དང་གད་སྙིགས་འཚོལ་བསྡུ་སོགས་གཉེར་སྐྱོང་སྒྲིག་སྲོལ་ལ་གྲོས་བསྡུར་བྱེད་དགོས་ཀྱི་ཡོད།
     ཇོ་རིར་བརྟེན་པའི་ཚོང་ལས་ཁག་གཉིས་པོ་ནི་ཐོག་མཐའ་བར་གསུམ་དུ་ཤང་གི་ཡོང་འབབ་གཙོ་བོ་རེད།
     ཀྲུང་གོའི་ངོས་ཀྱི་བྱང་ལྡེབས་ནས་ཇོ་རིར་འཛེག་སྐབས་ས་བབ་སྨི་6500མན་གྱི་དངོས་རྫས་དབོར་འདྲེན་བྱེད་པར་སྤྱིར་ན་འབྲི་གཡག་ལ་འགེལ་དགོས་པ་དང་། བཀྲ་ཤིས་འཛོམས་ཤང་གི་རྒན་རྒོན་ཚོའི་ངག་རྒྱུན་དུ་ཡུལ་དེའི་འབྲི་གཡག་གིས་མིའི་རིགས་ཡོངས་ཀྱིས་བྱང་ལྡེབས་ནས་ཇོ་རིར་འཛེག་པའི་ལོ་རྒྱུས་སྒལ་པར་ཁུར་ཡོད་ཅེས་ཤོད་སྲོལ་ཡོད།
     ལོ་53ལ་སླེབས་པའི་ར་རྩལ་གྲོང་ཚོའི་གྲོང་མི་རྒྱལ་མཚན་གྱིས་རང་ཉིད་ཀྱིས་ལོ་30ལྷག་ཙམ་གྱི་གོང་ནས་པ་ཕ་དང་མཉམ་དུ་འབྲི་གཡག་དེད་དེ་ཀྲུང་གོ་དང་། རི་པིན། ཧྥ་རན་སེ་བཅས་ཀྱི་རུ་ཁག་གི་དངོས་རྫས་དབོར་མྱོང་ཡོད། མ་གཞི་ཡོང་འབབ་ཡག་པོ་ཡོད་མོད། འོན་ཀྱང་རི་འཛེག་རུ་ཁག་ལ་གླ་ཆའི་སྒོར་གྲོས་བསྡུར་བྱེད་དགོས་པས་སྐད་བརྡ་མ་འཕྲོད་སྟབས་ཕྱི་རྒྱལ་བ་དང་གོ་བ་ལོག་འཁྲུལ་མང་པོ་ཡོང་གི་ཡོད་ཅེས་བཤད།
     དེས་ན་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་གྲོང་མི་ཁ་ཤས་ཀྱིས་ཀྱང་ཡུལ་སྐོར་བ་ཞག་སྡོད་བྱེད་ཆོག་པའི་སྦྲ་གུར་དང་སྒུལ་བདེའི་ཚོང་ཁང་ཁ་ཤས་རི་འཛེག་སྒར་ས་ཆེ་མོའི་མདུན་དུ་སྤོས་པ་རེད། ཐ་ན་ཡུལ་སྐོར་བས་རྐང་ཐང་མར་རི་འཛེག་པའི་ཆེད་ལས་སྒར་སར་བསྐྱོད་ཐུབ་ཀྱི་ཡོད།
     “སྐབས་དེ་དུས་སྦྲ་གུར་ཇེ་མང་དུ་སོང་མོད། འོན་ཀྱང་ཡོང་འབབ་གསོག་ཐུབ་མཁན་མི་ཉུང་ཤས་ཤིག་ལས་མེད་པ་མ་ཟད། དོ་དམ་བྱེད་བདེ་པོ་མེད་ལ། ཁོར་ཡུག་ལའང་ཤུགས་རྐྱེན་བཟོ་གི་ཡོད”ཅེས་རྡོ་རྗེས་དྲན་གསོ་བྱེད་བཞིན་བཤད།
     ཁལ་གཡག་རུ་ཁག་ཁ་ཐོར་གཉེར་སྐྱོང་བྱས་པ་དེས་ཀྱང་གྲོང་མིའི་རིན་གོང་འགྲིག་པའི་ནུས་ཆོད་ཆུང་དུ་སོང་ཡོད། དེར་བརྟེན་ཡུལ་དེས་སྔར་བས་ནུས་ཆེའི་སྒྲིག་འཛུགས་བྱེད་སྟངས་ཤིག་བསམ་གཞིག་བྱས་ཏེ་འབྲི་གཡག་དང་སྦྲ་གུར་གྱི་གཉེར་སྐྱོང་དབང་ཆ་གྲོང་ཚོ་ཁག་དབར་བགོ་བཤའ་རྒྱག་རྒྱུའི་སེམས་ཐག་བཅད།
     སྔར་ཡོད་ཀྱི་ཁེ་ཕན་རྣམ་པ་མེད་པར་བཟོས་ནས་བགོ་བཤའི་ལམ་སྲོལ་གསར་པ་བཟོས་པ་དེས་ཇོ་རིའི་གཤམ་གྱི་གྲོང་མིའི་རང་ངོས་དོ་དམ་དང་རང་ངོས་ཞབས་ཞུའི་བློ་གྲོས་ལ་ཚོད་བགམ་བྱས་ཡོད།
     རྡོ་རྗེ་ནི་དུས་ཡུན་ཉིན་བདུན་གྱི་ཚོགས་འདུའི་ནང་ཞུགས་མཁན་ཞིག་ཡིན་ཞིང་། ཁོང་གིས་ཚོགས་འདུའི་ཐོག་དུས་ཚོད་ཕལ་ཆེ་བ་གྲོང་ཚོ་30དབར་ཕན་ཚུན་རིན་གོང་འགྲིག་རེས་བྱེད་པར་སྤྱད་ཡོད་ཅེས་བཤད།
     “ང་ཚོའི་གྲོང་ཚོར་རྩྭ་ར་གང་ཡང་མེད་པའི་ཁར་ས་ཁམས་གནས་བབ་ཀྱང་ཡུལ་སྐོར་བ་དང་རྐང་ཐང་མར་འགྲོ་རྒྱུར་དགའ་པོ་བྱེད་མཁན་ཚོ་ཇོ་རིར་འགྲོ་བར་བརྒྱུད་དགོས་ངེས་ཀྱི་ལམ་རྒྱུད་དུ་གནས་པས། ཡུལ་སྐོར་ཚོང་ལས་གཉེར་བདེ་པོ་ཡོད་རྐྱེན། ཁལ་གཡག་གི་དབོར་འདྲེན་ནང་ཞུགས་མེད”ཅེས་རྡོ་རྗེས་བཤད་པ་དང“འོན་ཀྱང་གྲོང་ཚོ་ལ་ལར་རྙོག་དྲ་ཧ་ཅང་ཆེན་པོ་འདུག”ཅེས་བཤད།
     གྲོས་བསྡུར་བྱས་པ་བརྒྱུད་ཚོགས་འདུའི་ཐོག་ཁོར་ཡུག་དོ་སྙོམས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། ཤང་དེ་ཡོངས་ཀྱིས་མང་ཤོས་ལའང་ལོ་ལྟར་སྦྲ་གུར་58ལས་ཕུབ་མི་ཆོག་པ་དང་དུས་ཡུན་ཟླ་4པ་ནས་10པར་ཡིན་པ་དང་། འབྲི་གཡག་གི་གྲངས་འབོར་ནི་རི་འཛེག་བྱེད་སྒོའི་དགོས་མཁོ་ལྟར་900ཙམ་དུ་གཏན་འཁེལ་བྱས་པ་རེད། དགའ་རོང་གྲོང་ཚོས་འབྲི་གཡག་119གཏོང་ཆོག་པ་ནི་ཤང་དེ་ཡོངས་ནས་མང་ཤོས་ཡིན་མོད། འོན་ཀྱང་སྦྲ་གུར་གཉེར་སྐྱོང་ནང་ཞུགས་མི་ཆོག་པ་རེད། གྲོང་ཚོ་ལ་ལར་རྩྭ་རའི་ཐོན་ཁུངས་ཉུང་མོད། འོན་ཀྱང་མི་འབོར་ཅུང་མང་སྟབས་ལྟ་རྟོག་བྱས་ཏེ་འབྲི་གཡག་ཁ་ཤས་སྐྱེལ་འདྲེན་ནང་ཞུགས་དབང་སྤྲད་པ་དང་། འབྲི་གཡག་2གཏོང་བ་དང་སྦྲ་གུར་4ཕུབ་རྒྱུའི་མིང་སྐལ་ཡོད་པའི་ཡོན་ཆགས་གྲོང་ཚོ་ནི་དེའི་གྲས་ཤིག་རེད།
     རྙོག་འཛིང་ཆེ་བའི་བགོ་བཤའི་ལས་དོན་ཡོངས་གཞི་རིམ་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་བསྒྲུབས་པ་དང་། དྲང་གཞག་གི་རྩ་དོན་དོན་འཁྱོལ་བྱས་སྟབས་ཤང་དེ་ཡོངས་ཀྱིས་མགྲིན་གཅིག་ཏུ་མོས་མཐུན་བྱེད་ཅིང་། གྲོང་ཚོ་ཁག་གི་སྦྲ་གུར་གཉེར་སྐྱོང་དབང་ཆའི་གཏོགས་ཁོངས་ནི་རྒྱན་བརྒྱབ་ནས་གཏན་འབེབས་བྱས་པ་དང་། གྲོང་མི་ཚང་མར་ཁེ་སྤོགས་བགོ་དགོས་སྟབས་གཉེར་སྐྱོང་པས་ངེས་པར་དུ་བོགས་དངུལ་ངེས་ཅན་ཞིག་འཇལ་དགོས་པ་རེད། “འབྲི་གཡག་གྲོང་ཚོའི”ཡོང་འབབ་བགོ་སྟངས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཡོང་འབབ་ལས་གྲོང་མི་ཚང་མར་ཕན་འདོགས་རྒྱུ་དེ་ནི་གྲོང་ཚོ་ཁག་གིས་མོས་མཐུན་གཅིག་མཚུངས་བྱེད་པའི་དམིགས་ཡུལ་ཞིག་རེད།
     བོད་ལྗོངས་རི་འཛེག་མཐུན་ཚོགས(གཤམ་དུ“རི་འཛེག་མཐུན་ཚོགས”ཞེས་བསྡུ་རྒྱུ)ཀྱིས་ཀྱང་འབྲེལ་གཏུག་གྱི་འབྲེལ་ཟམ་བྱས་ཏེ་ཤང་གི་ཚབ་བྱས་ནས་རི་འཛེག་རུ་ཁག་ཁག་དང་སྐྱེལ་འདྲེན་རིན་གོང་གཅིག་གྱུར་བཟོ་བ་དང་འབྲི་གཡག་ཇི་ཙམ་དགོས་མེད་སོགས་ལ་གྲོས་བསྡུར་བྱས་པ་དང་། ལས་གླའང་རི་འཛེག་མཐུན་ཚོགས་ཀྱིས་གཅིག་གྱུར་ཐོག་མཇུག་རྩིས་རྒྱག་གི་ཡོད། མིག་སྔར་བཀྲ་ཤིས་འཛོམས་ཤང་གིས་འབྲི་གཡག་གཅིག་བཏང་ཚེ་ཉིན་རེར་སྒོར་90ཡོད་པ་དང་ཕྱུགས་ཟོག་འདེད་མཁན་ལ་གླ་ཆ་སྒོར་110སྤྲོད་པ་མ་ཟད། གྱོན་གོས་ཀྱི་འགྲོ་གྲོན་སྒོར་600ཡོད་པ་དང་། དངོས་སུ་འགྲོ་ཡུན་ཉིན་ཇི་ཙམ་ཡིན་རུང་རི་འཛེག་རུ་ཁག་གིས་ཉིན་9(དངོས་སུ་འགྲོ་ཡུན་སྤྱིར་ན་ཉིན་9ལས་ཉུང་བ)ལྟར་གླ་ཆ་སྤྲོད་པ་དང་། འབྲི་གཡག་ཤི་ཚེ་རི་འཛེག་མཐུན་ཚོགས་ཀྱིས་ཁྲོམ་རའི་རིན་གོང་ལྟར་སྐྱིན་ཚབ་འཇལ་གྱི་ཡོད་པ་རེད།
     དུས་དེ་ནས་བཟུང་ལུས་རྩལ་དང་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་གྲོང་གསེབ་བཅོས་སྐྱོང་གི་གསར་གཏོད་ལག་ལེན་དེ་ནི་བཀྲ་ཤིས་འཛོམས་ཤང་གི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད། ལོ་བཅུ་གྲངས་ཁ་ཤས་རིང་གྲོང་ཚོ་ཁག་དབར་གྱི་སྦྲ་གུར་དང་འབྲི་གཡག་གི་ལས་བགོས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་ནའང་ཁལ་གཡག་སྐྱེལ་འདྲེན་རིན་གོང་ཐེངས་ཁ་ཤས་སྤར་བ་རེད། དེ་ནི་ཤང་དང་རི་འཛེག་མཐུན་ཚོགས་དབར་གྲོས་བསྡུར་བྱས་པའི་འབྲས་བུ་ཡིན་མོད། འོན་ཀྱང་དང་ཐོག་མའི་རིན་གོང་སྤར་བ་ནི་གྲོང་ཚོ་ཁག་དབར་གྱི་ལོ་གཅིག་དུས་གཅིག་གི་ཚོགས་འདུ་རིང་མོ་ལས་གཏན་འཁེལ་བྱས་པ་རེད། ཞིང་འབྲོག་པ་ཚོས་ཐལ་རྡུལ་འཚུབ་འཚུབ་ངང་རི་བོ་ཧི་མ་ལ་ཡའི་རི་གཤམ་གྱི་ཕྱོགས་བཞི་ནས་ཡོང་སྟེ་དེ་གར་རུབ་རུབ་ངང་གང་བསམ་ལྷུག་གླེང་བྱེད་པ་དང་། འདི་ལོའི་ཚོགས་འདུ་ཚོགས་ཡུལ་དུ་ཤང་གི་འགོ་ཁྲིད་ཀྱིས་གཏམ་བཤད་བྱེད་རིང་ཡང་གྲོང་མིས་བྱེད་མཚམས་བཀག་ནས་རང་ཉིད་ཀྱི་བསམ་ཚུལ་གླེང་བ་རེད།
    ཚོགས་འདུ་གྲོལ་རྗེས་སྐལ་བཟང་ལ་གྲོད་པ་ལྟོགས་པའི་ཚོར་སྣང་ཕྲན་བུ་བྱུང་མོད། སྔར་བཞིན་ཤར་བྱུང་གྲོང་ཚོར་བསྐྱོད་པ་དང“གྲོང་ཚོའི་ནང་ད་དུང་རྒྱན་རྒྱག་པ་དང་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་རྒྱག་པ་ལ་སོགས་ལས་ཀ་མང་པོ་ཡོད་པ་རེད”
    ན་ནིང་ཤང་དེ་ཡོངས་ཀྱི་ཁལ་གཡག་རུ་ཁག་གི་ཡོང་འབབ་སྒོར་ཁྲི་380ཙམ་བྱུང་བ་དང་སྦྲ་གུར་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་1200བྱུང་བ་རེད། ཚོང་ཡག་ཤོས་ཡིན་པའི་སྦྲ་གུར་ལ་ལོ་ཕྱེད་ནང་ཡོང་འབབ་ཁེ་གཙང་སྒོར་ཁྲི་30 བྱུང་ཞིང་། གྲོང་ཚོ་ཁག་གི་སྦྲ་གུར་གཉེར་སྐྱོང་དབང་ཆ་རྒྱན་རྒྱག་པའི་ནང་ཞུགས་མཁན་ཡང་ལོ་ལྟར་འཚང་ཁ་ཤིག་ཤིག་ཡོད་པ་རེད།
    2017ལོར་གྲོང་ཚོས་འབྲི་གཡག་གཡོག་བྱེད་མཁན་དུ་འོས་འདེམས་བྱེད་སྐབས་སྐལ་བཟང་ལ་དགའ་ཚོར་ཆེན་པོ་བྱུང་བ་དང་། འབྲི་གཡག་གཡོག་བྱེད་མཁན་ནི་སྤྱིར་ན་གྲོང་ཚོའི་ནང་དབང་གྲགས་ཆེ་ཙམ་ཡོད་པའི་མི་ཡིན་པ་དང་མིང་དོན་མཚུངས་པའི“གྲོང་ཚོ་དེ་ཡོངས་ཀྱི་ཕུགས་རེ”རེད། ཁོང་ཁྱིམ་གྱི་འབྲི་གཡག་ཀྱང་སོ་ནམ་ལས་ཀའི་ནང་མི་ཞུགས་པར་ད་ཆ་འདྲུད་འཐེན་འཕྲུལ་འཁོར་གྱིས་སོ་ནམ་བྱེད་པ་དང་འབྲི་གཡག་རིར་གཏོང་གི་ཡོད།
    ཟླ་བཞི་པ་འཆར་རྗེས་ཤང་གི་གད་སྙིགས་དབོར་སྐྱེལ་ས་ཚིགས་ཀྱང་ལས་འགོ་བཙུགས་ཤིང་། ས་ཚིགས་ཀྱི་ལས་བཟོས་གཞུང་ལམ་ལམ་རྒྱུད་དུ་གད་སྙིག་སྒྲུག་འགོ་ཚུགས། སྐལ་བཟང་གིས་ཁོང་གིས་2006ལོར་སྦྲ་གུར་ཞིག་ཕུབ་མྱོང་བ་དང“སྐབས་དེ་དུས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གང་ཡང་མེད། ད་ཆ་གྲོང་མི་ཚོས་ཐ་མག་ཕྲུག་ལྷག་གཅིག་དང་ཤོག་ལྷེ་གཅིག་མཐོང་ཀྱང་ཚང་མ་སྒྲུག་གི་ཡོད”ཅེས་བཤད།
     ཇོ་རིའི་དུས་ཚིགས་ཡག་ཤོས་འཆར་ཉེར་ཡོད་པས་དེའི་རི་གཤམ་དུ་འཚར་ལོངས་བྱུང་བའི་མི་རྣམས་ཀྱང་ལས་ལ་བྲེལ་འགོ་ཚུགས།
     སྐལ་བཟང་གིས“ཇོ་རིའི་བཀའ་དྲིན་ཚོར་བཞིན་ཡོད་ལ་དེ་ནི་ངེད་ཚོའི་སེམས་ནང་གི་བླ་རི་ཡིན་ཞིང་། ང་ཚོས་ཇོ་རི་དང་འབྲེལ་བ་ཡོད་པའི་གླུ་གཞས་ཉན་པ་དང་ཇོ་རིའི་འཁྱགས་ཆུ་བཏུང་ནས་འཚར་ལོངས་བྱུང་། ད་ཆ་ཇོ་རི་ལས་ངེད་ཚོར་ཕན་འབྲས་ཏན་ཏིག་ཐོབ་པས་ང་ཚོས་དེར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1