དཀར་མཛེས་ཁུལ་རིམས་འགོག་གཡུལ་འགྱེད་ཁྲོད་ཀྱི་བོད་ཀྱི་གསོ་བ་རིག་པའི་སྟོབས་ཤུགས་།

ཚུལ་ཁྲིམས་བཟང་པོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


 ཏོག་དབྱིབས་གློ་ཚད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད། དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཧུར་ཐག་ངང་སྤེལ་བཞིན་ཡོད། མིག་སྔར་རིམས་ནད་སྔོན་འགོག་བྱ་བའི་ཁྲོད་ཕྱི་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག་བཅས་ཀྱི་སྔོན་འགོག་ཚོད་འཛིན་སྨན་བཅོས་མཐུན་སྦྱོར་ལམ་སྲོལ་ཞིག་ཆགས་ཡོད། དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་ཆེད་མཁས་ཚོ་ཆུང་གཉིས་མངགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཇུག་སྒོ་འཚོལ་བ་དང་། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་བྱས་ནས་རིམས་ནད་འགོག་བཅོས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།


རྟའུ་རྫོང་རིམས་འགོག་བོད་སྨན་ཆེད་མཁས་ཚོ་ཆུང་གི་བྱ་བའི་གནས་ཚུལ།


སྤྱི་ཟླ་2པའི་ཚེས་14ཉིན་གྱི་དགོང་མོར། སྨན་བཅོས་ལས་དོན་ཚོ་ཆུང་རྟའུ་རྫོང་ལ་འབྱོར་མ་ཐག རྟའུ་རྫོང་གི་ཏོག་གསར་གློ་ཚད་འགོས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་དང་འབྲེལ་བ་བྱས། ལས་དོན་ཚོ་ཆུང་གི་འགོ་གཙོ་གཉའ་རྒྱལ་མཚན་དང་རིག་འཛིན་རྒྱ་མཚོ་གཉིས་ཀྱིས་རྟའུ་རྫོང་ན་གསོ་བཅོས་བྱེད་བཞིན་པའི་ཆེད་མཁས་པ་དང་གྲོས་བསྡུར་བྱས་རྗེས་བྱ་བའི་བསམ་ཕྱོགས་ཁ་གསལ་བ་དང་བྱ་བའི་གཙོ་གནད་མངོན་གསལ་དོད་པ། བྱ་བའི་བརྒྱུད་རིམ་གཏན་འཁེལ་བཟོས་ནས་ལོགས་སུ་བཀར་བའི་གསོ་རིག་ལྟ་ཞིབ་མི་སྣ་རྣམས་ལ་རིམས་ནད་འགོག་པའི་བོད་སྨན་བསྐྱལ་བ་མ་ཟད། “ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག”གི་ཁྱིམ་སྡོད་ལོགས་བཀར་མི་སྣ་ཡོངས་ལ་བོད་སྨན་གནང་བ་རེད།

དར་རྩེ་མདོ་ལྟ་སྲུང་ལྟེ་གནས་ཀྱི་རིམས་འགོག་བྱ་བར་བོད་སྨན་ཆེད་མཁས་ཚོ་ཆུང་གིས་རོགས་སྐྱོར་བྱས་པའི་གནས་ཚུལ།

རིམས་ནད་ནི་བཀའ་རྒྱ་ཡིན་ལ། འགོག་བཅོས་ནི་འགན་འཁྲི་ཡིན། སྨན་བཅོས་ལས་དོན་ཚོ་ཆུང་གིས་དར་རྩེ་མདོ་གྲོང་ཁྱེར་ལྟ་སྲུང་ལྟེ་གནས་དང་འབྲེལ་བ་བྱས་རྗེས་འཕྲལ་དུ་བྱ་བ་སྒྲུབ་འགོ་བརྩམས། ལས་དོན་ཚོ་ཆུང་གི་འགོ་གཙོ་ཨ་ཅྰདབང་ཆེན་ལྷ་མོདང་ནད་གཡོག་མ་ལི་ཅྰ་གཉིས་ཀྱིས་གསོ་རིག་ལྟ་ཞིབ་ནད་པར་བོད་སྨན་གྱི་གསོ་བཅོས་བྱེད་པའི་དུས་མཚུངས་སུ་རིམས་འགོག་བདེ་ཐང་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་གནང་། ད་དུང་སྨན་སྤྱོད་ཟིན་ཐོ་ཡང་དག་འགོད་པ་དང་། སྨན་སྤྱད་རྗེས་ཀྱི་གནས་ཚུལ་དུས་ཐོག་ཏུ་ལྟ་ཞིབ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གསོ་བཅོས་ལས་དོན་སྤེལ་བཞིན་ཡོད།

བོད་སྨན་བསྟེན་ཐབས་མཛུབ་སྟོན་དང་རིམས་འགོག་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་བྱས།

མིག་སྔར་དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་རིམས་ནད་འགོག་བཅོས་ཀྱི་གཡུལ་སར་རོགས་སྐྱོར་བྱེད་པའི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སྨན་བཅོས་ལས་དོན་ཚོ་ཆུང་གིས་བཤད་རྒྱུར་ནད་པས་བོད་སྨན་ལ་ཡིད་ཆེས་བྱེད་རྒྱུ་དེ་གལ་ཆེན་རེད། ལྷག་པར་དུ་སྨན་པ་དང་ནད་གཡོག་པའི་གསོ་བཅོས་ལ་རྒྱབ་སྐྱོར་དང་མཉམ་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་ཟེར། གཡུལ་སའི་ལས་དོན་ཚོ་ཆུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་གནས་ཀྱི་སྨན་དོན་མི་སྣ་དང་ལག་གདང་སྦྲེལ་ནས་དཀའ་ངལ་མཉམ་སེལ་བྱས་ཏེ་རིམས་ནད་སྔོན་འགོག་དང་གསོ་བཅོས་བྱེད་ཚད་ཇེ་མཐོ་རུ་གཏོང་ངེས་ཡིན། ངེད་སྨན་ཁང་གིས་ཡང་དཀའ་ངལ་ཁྱད་དུ་བསད་དེ་སྨན་ཁང་ཡོངས་ཀྱི་ལས་བཟོ་བ་རྣམས་རྩ་འཛུགས་བྱས་ནས་སྨན་བཟོ་བའི་ལས་ལ་བྲེལ་བཞིན་ནད་ཡམས་སྔོན་འགོག་དང་གསོ་བཅོས་ཐད་ལ་བོད་སྨན་མཁོ་འདོན་བྱེད་པར་འགན་ལེན་བྱེད་བཞིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1