སྨན་བཅོས་རུ་ཁག་བཅུ་ལྷག་གིས་རྟའུ་ལ་རོགས་སྐྱོར་གནང་།

འཇིགས་མེད་ཀྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


 

སྤྱི་ཟླ་2པའི་ཚེས་11ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་རྫོང་གི་རྐང་འཛིན་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་བྱུང་ས་རྟའུ་རྫོང་ལ་མྱུར་དུ་རོགས་སྐྱོར་བྱ་དགོས་པའི་བཀའ་རྒྱ་ཕབ་པ་དང་། སྤྱི་ཚེས་12ཉིན། བྲག་འགོ་དང་དཀར་མཛེས། སྡེ་དགེ སེར་ཤུལ། དཔལ་ཡུལ། ཉག་རོང་། ལྕགས་ཟམ་ཁ། ཕྱག་ཕྲེང་། འབའ་ཐང་།ལི་ཐང་། རོང་བྲག བརྒྱད་ཟིལ། ཉག་ཆུ་བཅས་རྫོང་13གྱི་སྨན་པ་53ལས་གྲུབ་པའི་སྨན་བཅོས་རུ་ཁག་མཚན་མོའི་ཆུ་ཚོད་11ཐོག་རྟའུ་རྫོང་དུ་སླེབས་པ་རེད། སྨན་བཅོས་རུ་ཁག་གི་གྲུབ་མི་ཚོས་རང་ཁུལ་གྱི་རྟའུ་རྫོང་ལ་རོགས་སྐྱོར་བྱ་རྒྱུ་ནི་ང་ཚོའི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན། ཐེངས་འདིའི་ལས་འགན་ནི་ཅུང་དཀའ་ལས་ཁག་པོ་འདུག་ཀྱང་། ང་ཚོས་རང་གི་ཆེད་ལས་ལག་རྩལ་བྱང་ཆུབ་པ་དང་སེམས་ཐག་ཆོད་པོས་དཀའ་ངལ་ཐམས་ཅད་བསལ་ནས་རྟའུ་རྫོང་ཏོག་གསར་གློ་ཚད་ལས་མགྱོགས་པར་ཐར་བར་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།


ཐེངས་འདིའི་སྨན་བཅོས་རུ་ཁག་གི་ཁྲོད་དུ་ལོ་ན་ཆེས་ཆེ་བ་ནི་54དང་ཆེས་ཆུང་བ་ནི་23ཡིན། མཐོ་རིམ་སྨན་པ་32དང་སྨན་ཞབས་པ་21ཡོད་པ་དང་། ད་ལྟའི་བར་རྟའུ་ལ་མངགས་པའི་མི་སྣ་ཆེས་མང་བའི་སྨན་བཅོས་རུ་ཁག་ཀྱང་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་2པའི་ཚེས་12ཉིན་གྱི་བར་དུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཧྭ་ཞི་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་། ཁྲེན་ཧྥེ་སྨན་ཁང་། ཁྲེན་ཏུའུ་སྨན་ཁང་གསུམ་པ། ཞིང་ཆེན་རིམས་འགོག་ཚོད་འཛིན་ལྟེ་གནས། ཧྭ་ཞི་སྨན་ཁང་དཀར་མཛེས་སྨན་ཁང་། དེ་བཞིན་རྫོང་ཁག་13བཅས་ཀྱིས་རྟའུ་རྫོང་དུ་རིམས་ཚུལ་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བར་མངག་པའི་མི་སྣ་80ལ་ཟིན་པ་དང་། ཁོང་ཚོ་རྟའུ་རྫོང་གིས་རིམས་ནད་རིག་པ་བརྟག་དཔྱད་དང་ཞིབ་བཤེར་བརྟག་ཞིབ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ལས་དོན་ཁག་སྤེལ་བར་ཞུགས་ནས་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚེས་13ཉིན། རྫོང་13ནས་ཡོང་བའི་སྨན་བཅོས་རུ་ཁག་གི་སྨན་པ་ཚོས་ནུབ་གཅིག་ལ་ངལ་གསོ་ཅུང་ཟད་བྱས་རྗེས། ལས་གནས་སུ་ཕྱིན་ནས་དུས་ཚོད་དང་རྒྱུག་འགྲན་བྱས་ཏེ་རིམས་འགོག་ལས་དོན་སྤེལ་འགོ་ཚུགས་པ་རེད།

སྤྱི་ཚེས་24ཉིན། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་དཀར་མཛེས་སྨན་ཁང་གི་ཁག་ལྔ་པའི་སྨན་པ་5དང་སྨན་ཞབས་པ་10ལས་གྲུབ་པའི་རྟའུ་ཡི་སྨན་བཅོས་རོགས་སྐྱོར་ཚོགས་པ་རྟའུ་རུ་ཕྱིན་པ་དང་། མིག་སྔའི་བར། སྨན་ཁང་དེ་གས་བསྡོམས་པས་ཁག་5སྟེ་སྨན་བཅོས་མི་སྣ་35རྟའུ་རུ་ཕྱིན་ནས་རིམས་འགོག་རོགས་སྐྱོར་བྱས་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1