རིམས་འགོག་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-10



            ཚེས་7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་བྱ་སྤྱོད》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད།
 
            རྒྱབ་ཤ་དཀར་པོའི་དེབ་འདི་ནི། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཀྱི་ལམ་བུ་ཇི་མ་ཇི་བཞིན་བཀོད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། དེབ་འདིར་གླེང་གཞི་དང་། ནང་དོན་དངོས། མཇུག་བསྡུའི་གཏམ་བཅས་ཚུད་པའི་ཡིག་འབྲུ་ཁྲི་3.7ཙམ་ཡོད་པ་དང་། ནང་དོན་དངོས་ཁག་བཞི་ལ་དབྱེ་ཡོད་པ་སྟེ། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཀྱི་ལམ་བུ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་འཐབ་ས་གཉིས་ནས་མཉམ་དུ་དམག་འཐབ་བྱེད་པ། རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། མིའི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པ་བཅས་རེད། 
            རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་པའི་ནན་བཤད་གནང་བ་དང་། “གདེང་ཚོད་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན”བཅས་ཀྱི་སྤྱིའི་བླང་བྱ་བཏོན་གནང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་ཁ་གསལ་བཏོན་གནང་ཡོད། 
            རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། སྔར་ཐོན་མྱོང་མེད་པའི་ནད་དུག་གློ་བུར་དུ་ཐོན་སྐབས། ཀྲུང་གོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྒྱལ་ཡོངས་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་མྱུར་ལ་ནུས་ལྡན་སྒོ་ནས་སྐོང་འཐེན་བྱས་ཏེ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་སྙིང་རུས་ཆེན་པོས་ལེགས་སྐྱེས་འབུལ་བ་དང་མཐུན་སྒྲིལ་རོགས་ལས་བྱས་ཏེ་ཀུན་སེམས་གཅིག་མཐུན་གྱིས་རིམས་འགོག་དམག་འཐབ་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་མི་དམངས་ཀྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པར་བྱས་ཡོད། 
            རྒྱབ་ཤ་དཀར་པོའི་དེབ་ནང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་བློས་གཏོང་ཚད་མེད་བྱས་ནས་རིམས་ནད་ཀྱི་དུས་བབ་ལེགས་སུ་ནུས་ལྡན་བཏང་བས། ཟླ་གཅིག་ལྷག་ཙམ་གྱི་དུས་ཡུན་ནང་རིམས་ནད་མཆེད་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་། ཟླ་གཉིས་ཙམ་གྱི་དུས་ཡུན་ནང་རྒྱལ་ནང་གི་ཉིན་རེའི་ནད་དཔེ་གསར་པ་ཐོན་ཚད་གྲངས་གནས་གཅིག་གི་ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཟླ་གསུམ་ཙམ་གྱི་དུས་ཡུན་ནང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་བྱུང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་འཁོད་ཡོད་པ་རེད། 
            རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། མཐུན་སྒྲིལ་མཉམ་ལས་བྱེད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་རིམས་ནད་ལས་རྣམ་པར་རྒྱལ་བའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་འཕེལ་རྒྱས་སླད་དུ་འཆར་གཞི་འགོད་པ་དང་། ཕ་ཚ་བུ་རྒྱུད་ཆེད་དུ་ཇུས་གཞི་འདིང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་པ། སེམས་ནུས་གཅིག་སྒྲིལ་དང་ལྟ་རེས་སྐྱོང་རེས། རིམས་ནད་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1