ཀུན་གྱིས་ཤེས་གསལ་ལྟར་ཚད་ལས་བརྒལ་བའི་ཆང་འཐུང་ཚེ་ལུས་པོར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་དེ། ལྷག་པར་མཆིན་པ་ལ་གནོད་པ་ཆེན་པོ་ཐེབས་སྲིད། འོན་ཀྱང་ག་འདྲ་ཞིག་ནི་ཚད་ལས་འདས་པ་ཡིན་ནམ། མཆིན་པ་སྲ་འགྱུར་སོགས་ཀྱི་ནད་རིགས་ལ་མཚོན་ན། རྒྱུན་པར་གཟའ་འཁོར་རེར་ཁེ210ལས་བརྒལ་བའི་ཆང་བཅུད་ལྷད་མའི་རིགས་བཏུང་ཚེ། དེ་ནི་གཟའ་འཁོར་རེར་ཕལ་ཆེར་རྒུན་ཆང་དམ་བུ་གཉིས་སམ་ཡང་ན་ཉིན་གཅིག་ལ་སྦི་རག་ཧའོ་ཧྲེང230ཡས་མས་བཏུང་བ་དང་གཅིག་མཚུངས་ཡིན། དབྱིན་ཇིའི་དབུ་བཞུགས་སྨན་བཅོས་ཆེད་མཁས་པས་མི་དར་མས་ཆང་འཐུང་ན་གཟའ་འཁོར་རེར་ཆང་བཅུད་ཧའོ་ཧྲེང140ལས་མ་འདའ་ན་བཟང་བའི་བསམ་ཚུལ་བཏོན།
འོན་ཀྱང་མཆིན་པ་ནི་ཆང་འཐུངས་ནས་གནོད་སྐྱོན་བྱུང་བའི་དབང་པོ་གཅིག་པུ་དེ་མིན་ཞིང་། ཀླད་ཆེན་ལའང་གནོད་པ་ཐེབས་ཀྱི་ཡོད། ཆང་འཐུང་ཚད་དབྱིན་ཇིའི་མིག་སྔར་གྱི་ཉེན་ཁ་དམའ་བའི་ཚད་གཞི་ལས་བརྒལ་ཚེ། གླེན་ནད་ཕོག་པའི་ཉེན་ཁ་ཇེ་མཐོར་འགྲོ་བ་ཡིན། 《ཚན་རིག་སྙན་ཞུའི》སྟེང་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་གསལ་བྱུང་བ་ལྟར་ན། ཆང་འོས་འཚམ་ཞིག་འཐུང་ཡང་ཀླད་པའི་ཤོང་ཚད་ཇེ་དམའ་རུ་འགྲོ་བར་བཤད།
ཆང་འཐུང་ན་ཀླད་ཆེན་ལ་ཤུགས་རྐྱེན་ཐེབས་པར་རྒྱུས་ལོན་བྱ་ཆེད། ཞིབ་འཇུག་པས་ལོ39ནས་ལོ45བར་གྱི་མི300ལྷག་ལ་བརྟག་དཔྱད་བྱས་ཤིང་། དེའི་ནང་ཞུགས་མཁན་གྱི་མི་མང་ཆེ་བས་ཁོ་ཚོའི་ཆང་འཐུང་ཚད་ནི་འབྲིང་རིམ་མམ་ཡང་ན་ཉེན་ཁ་དམའ་བའི་ཆུ་ཚད(ཆ་སྙོམས་ཀྱིས་གཟའ་འཁོར་རེར་ཆང་བཅུད་ལྷད་མེད་ཁེ140ལས་མི་ཉུང་བ)ཡིན་པར་བཤད། འདི་འདྲ་ཡིན་ཡང་ཀླད་པའི་བཤེར་འབེབས་ཀྱི་མཇུག་འབྲས་ལས། ཁོ་ཚོའི་ཀླད་པའི་ཤོང་ཚད་དང་ཆ་སྙོམས་ཀྱི་རིན་ཐང་ཕན་ཚུན་བསྡུར་ན་སྔར་བཞིན་ཇེ་ཉུང་དུ་སོང་ཡོད་པ་མངོན་ཡོད།
ཞིབ་འཇུག་འདིས་ཀླད་པའི་ཕུང་གྲུབ་ལ་གནོད་པ་ཐེབས་ནས་བཟོས་པའི་ལུས་ཁམས་ཀྱི་ཤུགས་རྐྱེན་ལ་བསམ་བློ་བཏང་མེད་ཀྱང་། མངོན་གསལ་གྱི་ཀླད་པའི་ཕུང་གྲུབ་ཀྱི་གནོད་པ་གང་རུང་ཚང་མས་ཀླད་ཆེན་གྱི་ནུས་པ་བསམ་འདོད་བཞིན་འདོན་སྤེལ་བྱེད་ཐབས་བྲལ་བ་ཡིན། དར་མའི་ཀླད་ཆེན་ནི་ལོ་ན་མཐོ་རུ་སོང་བ་དང་བསྟུན་ནས་རིམ་བཞིན་རྙིད་འཁུམ་གྱི་ཡོད་ཀྱང་། སྔ་དུས་ཀྱི་ཀླད་པའི་གནོད་སྐྱོན་གྱིས་ནད་རིགས་གཞན་གྱིས་བསླངས་པའི་ཀླད་ཆེན་རྙིད་འཁུམ་དུ་འགྲོ་བ་ཇེ་མགྱོགས་སུ་གཏོང་སྲིད་དེ། དཔེར་ན། དར་མའམ་ཚེ་མཇུག་ཏུ་བྱུང་སྲིད་པའི་ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སོགས་ལྟ་བུ། འདི་ཧ་ཅང་གནད་འགག་ཡིན་ཏེ། ང་ཚོས་ད་ལྟ་ཆང་བཅད་ན་ཆང་བཅུད་ཀྱིས་བསླངས་པའི་ཀླད་པའི་གནོད་སྐྱོན་ཁག་གཅིག་གི་ཁ་ཕྱོགས་བསྒྱུར་ཐུབ་པ་ཤེས་ཀྱི་ཡོད། ཆང་ཁྱོན་ནས་བཅད་རྗེས་ཀྱི་གཟའ་འཁོར་དྲུག་གི་རྗེས་སུ། ང་ཚོས་སྣང་ཚུལ་འདི་རིགས་མཐོང་ཐུབ་ཀྱི་ཡོད་ཅིང་། ལྷག་པར་དུ་བྱེད་ལས་དང་བསམ་བློར་སྙོམ་སྒྲིག་བྱེད་པའི་ཀླད་ཆེན་གྱི་ཆེས་མདུན་ཕྱོགས་ཀྱི་དཔྲལ་འདབ་ལྟ་བུ་ཡིན།
གསར་རྙེད་འདི་དག་ནི་སྔ་དུས་ཀྱི་ཞིབ་འཇུག་གཅིག་དང་ཧ་ཅང་འདྲ་པོ་ཡིན་ཞིང་། ཕྱི་མས་ཀླད་པའི་ཤོང་ཚད་ཅུང་ཆུང་བ་དང་གཟའ་འཁོར་རེར་ཆང་བཅུད་ལྷད་མེད་ཁེ70ནས140འཐུང་བ་དང་འབྲེལ་བ་ཡོད་པ་ཤེས་ཤིང་། ཆང་འཐུང་བའི་ཆུ་ཚད་རིགས་འདིས་ཐ་སྙད་དྲན་འཛིན་གྱི་ནུས་པ་ཇེ་དམའ་རུ་འགྲོ་སྲིད། ང་ཚོས་ཆང་བཅུད་ཀླད་པར་ཐེབས་པའི་ཤུགས་རྐྱེན་ལ་ཞིབ་འཇུག་བྱེད་དུས། རང་བཞིན་གྱིས་གླེན་ནད་ཀྱི་ནད་རྟགས་དང་དྲན་ཤེས་ཀྱི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་དོ་སྣང་བྱེད་ཀྱི་ཡོད། མ་གཞི་གླེན་ནད་ཀྱི་ནད་རྟགས་ངོས་འཛིན་པའི་གཞིར་འཛིན་ས་གཅིག་ནི་དྲན་པ་ཤོར་བ་དེ་ཡིན། འོན་ཀྱང་ང་ཚོས་ད་ལྟ་རྒྱུས་ལོན་བྱུང་བ་ཞིག་ནི། ཀླད་ཆེན་གྱི་དཔྲལ་འདབ་ལ་ཆང་བཅུད་ཀྱི་གནོད་སྐྱོན་ཐེབས་པའི་དུས་སྐབས་དེ་དྲན་ཤེས་དང་འབྲེལ་བ་ཡོད་པའི་ཀླད་པའི་ཕུང་གྲུབ་ལས་སྔ་བ་ཡིན། དཔྲལ་འདབ་ཀྱིས་ང་ཚོའི་རང་གཤིས་དང་། བྱེད་ལས། བསམ་གཞིགས་ཀྱི་སྐྱེན་འགྱུར་རང་བཞིན་ལ་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། བྱེད་ནུས་འདི་དག་ནི་གླེན་ནད་ངོས་འཛིན་བྱེད་པའི་ཚད་ལེན་ཚོད་ལྟ་བརྒྱུད་ནས་དཔྱད་འཇོག་བྱེད་ཐུབ་ཀྱི་མེད།
འོན་ཀྱང་སྤྱིར་བཏང་གི་མིས་ངོས་འཛིན་་པའི་ལུགས་མཐུན་དང་འོས་འཚམ་གྱི་ཆང་འཐུང་བའི་རྣམ་པས་ཀྱང་དལ་མོ་བྱས་ནས་ང་ཚོའི་ཀླད་ཆེན་ལ་གནོད་སྐྱོན་ཐེབས་སུ་འཇུག་སྲིད། སྣང་ཚུལ་འདིར་གཞིགས་ནས་ང་ཚོས་སྔ་མོ་ནས་གནོད་སྐྱོན་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས། སྟབས་ལེགས་པ་ཞིག་ནི། དམིགས་ཚད་དོན་ཚན་བརྒྱད་ཡོད་པའི་ཚད་ལེན་ཚོད་ལྟ་ཞིག་གིས་ད་ལྟར་སྔ་དུས་ཀྱི་ཤེས་རྟོགས་རྨས་སྐྱོན་ལ་ཞིབ་བཤེར་ཚད་ལེན་བྱེད་ཆོག་ཅིང་། བསམ་པའི་འཕྲོད་བསྟེན་ཞབས་ཞུའི་ཆེད་མཁས་པས་རྒྱུན་པར་དེས་ཆང་བཅུད་ཀྱིས་འབྱུང་བར་བཅུག་པའི་སྔ་དུས་ཀྱི་ཀླད་པའི་རྨས་སྐྱོན་ལ་ཞིབ་བཤེར་ཚད་ལེན་བྱེད་ཀྱི་ཡོད། སྨན་ཁང་ངམ་སྤྱིར་བཏང་གི་ནད་བཅོས་ཁང་གིས་ཀྱང་སྔ་དུས་ཀྱི་དཔྲལ་འདབ་ནུས་པའི་ཚད་ལེན་ཚོད་ལྟ་སྤེལ་གྱི་ཡོད།
གསར་རྙེད་འདིར་དོན་སྙིང་གལ་ཆེན་ལྡན་ཞིང་། དེས་ཆང་བཅུད་ཀྱིས་ང་ཚོའི་ཀླད་ཆེན་ལ་བྱུང་བའི་མི་མངོན་པའི་རྨས་སྐྱོན་གྱི་ཚད་ཐིག་སྟོན་གྱི་ཡོད། རྨས་སྐྱོན་འདི་རིགས་རྒྱུན་པར་ཤེས་རྟོགས་ཐུབ་ཀྱི་མེད་དེ། དཔེར་ན། དུས་སྔ་ཕྱིའི་མི་རབས་འགའ་ཕན་ཚུན་བསྡུར་ན། ཆང་བཅུད་ཀྱིས་ད་ལྟའི་ལོ55ནས74བར་གྱི་མིར(ཨ་མེ་རི་ཁའི་ཕྲུ་གུའི་ཚ་རླབས་འཕྱུར་བའི་སྐབས་སུ་སྐྱེས་པའི་བྱིས་པ) བཟོས་པའི་གནོད་འཚེ་འཕར་སྣོན་བྱུང་བ་ཧ་ཅང་མགྱོགས་པ་ཡིན། ན་གཞོན་དང་བསྡུར་ན་ཁོ་ཚོར་གླེན་ནད་བྱུང་བའི་ཉེན་ཁ་དེ་བས་ཆེན་པོ་ཡོད།
གལ་ཏེ་གནད་དོན་འདི་ཐག་གཅོད་བྱ་དགོས་ཚེ། ང་ཚོས་དུས་མཚུངས་སུ་ཆང་འཐུང་བར་བཟུང་བའི་ལྟ་ཚུལ་དང་སྨན་བཅོས་འགན་ལེན་གྱི་མཁོ་འདོན་བྱེད་སྟངས་བཅོས་སྒྱུར་བྱེད་དགོས། མི་རྒན་པའི་ཆང་འཐུང་བའི་བྱེད་ལས་བཅོས་སྒྱུར་བྱེད་པའི་དུས་མཚུངས་སུ། ད་རུང་ཆང་འཐུང་མཁན་ཚང་མར་བྱུང་བའི་སྔ་དུས་ཀྱི་ཀླད་པའི་རྨས་སྐྱོན་གྱི་ཤུལ་རྗེས་ལ་དོ་སྣང་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་དང་བསམ་པའི་འཕྲོད་བསྟེན་སྲིད་ཇུས་ཀྱི་ཁྱབ་ཁོངས་ཁྲོད། རྒན་པས་ཆུང་འཐུང་བའི་གནས་ཚུལ་སྐོར་གྱི་ཞིབ་འཇུག་ལ་གྲུབ་འབྲས་བླངས་ཡོད་མོད། འོན་ཀྱང་ཆང་འཐུང་མཁན་གྱི་ཀླད་པའི་རྨས་སྐྱོན་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ཞིབ་འཇུག་ཐད་ད་རུང་དེར་བསྟུན་གྱི་གྲུབ་འབྲས་དང་འཕེལ་རིམ་བྱུང་མེད། ཆང་འཐུང་ཚད་ཇེ་ཉུང་དུ་གཏོང་བའམ་ཡང་ན་ཆང་གཞི་ནས་བཅད་ན་ཀླད་པའི་རྨས་སྐྱོན་གྱི་ཉེན་ཁ་ཇེ་དམའ་རུ་བཏང་ཆོག་མོད། འོན་ཀྱང་འདིའང་ང་ཚོའི་འཚོ་བའི་རྣམ་པ་ཡག་པོ་ཞིག་རྒྱུན་སྲུང་བྱེད་དགོས་ཀྱི་ཡོད་ཅིང་། དེར་བདེ་ཐང་གི་བཟའ་བཏུང་གོམས་སྲོལ་དང་སྦྱོང་བརྡར་སོགས་འདུས་པ་ཡིན།