ང་དང་ལྷ་བྱ།

བཅའ་ཕ་འོད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


དྲན་པ་རི་བོ་ལ་བྲིས་པས། །

སྣང་བ་བན་བུན་གྱི་སྨུག་པ། །

གངས་རིའི་ཕ་རོལ་ལ་བསྲིང་བའི། །

ལོ་ཟླའི་གས་ཆག་ལས་ཨེ་མཐོང་། །

གསང་གཏམ་རྒྱུད་སྐུད་ལ་དཀྲིས་པས། །

མཚན་མོར་རྨི་ལམ་ཞིག་རྨིས་ཆོག །

དབྱངས་ཀྱི་སྣེ་མོ་རུ་འཐེན་པའི། །

ངང་ཆུང་སྐྱོ་སྐད་དེ་ཨེ་ཐོས། །

སྣང་བའི་རྟ་ཕོ་དེ་བཅིབས་ནས། །

སྡེ་མཐའི་བྱམས་པ་རང་འཚོལ་བའི། །

ཚངས་དབྱངས་རྒྱ་མཚོ་ཡི་སྙན་ཚིག །

བཟི་ཆང་ཁམ་གང་གིས་ཨེ་རོལ། །

མཚན་མོའི་ཟླ་འོད་ཀྱི་མིག་ཆུ། །

ཚངས་དབྱངས་མགུར་མ་ལས་བསིལ་བས། །

ཨ་ཅག་ངུ་དགོས་རང་མི་འདུག །

གངས་རིའི་ཕྱིར་མིག་དེ་ཨེ་མཇལ། །

འདུ་བྱས་མིག་ཟུང་དེ་གཟིམ་པས། །

ལག་པར་ཁེར་ལབ་ཞིག་བྲིས་ཀྱང་། །

སྐྱིད་ཆུའི་རྣམ་ཤེས་ལ་བཏབ་པའི། །

འཛུམ་ཆུང་སྦུ་བ་དེ་ཨེ་མཐོང་། །

ཨ་ཅག་ལོ་ཟླ་ལ་ཁེན་པའི། །

ཡིད་ཀྱི་སྡོང་རྒན་དེ་མིན་ནམ། །

སྟོན་རླུང་རས་ཟན་ལས་ལྡང་ཚེ། །

འཆར་ཀའི་རྨི་ལམ་དེ་ཨེ་བྱུང་། ། 


རྩོམ་ཡིག་སྔོན་མ།
དྲིན་མོ་ཆེ་ལ་འདུད།
རྩོམ་ཡིག་རྗེས་མ།
བྱིས་དུས་ཀྱི་ཁྱོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1