དེ་ཡང་པེ་ཅིང་གི་གྲོང་ཁུལ་སོ་སོ་ལས་ཧྥུང་ཐའེ་ཡི་འཕེལ་རྒྱས་ཀྱི་གོམ་འགྲོས་ཅུང་དལ་མོད། ལྷག་པར་དུ་སྔོན་གྱི་གྲོང་ཁྱེར་ཉེ་འཁོར་གྱི་ཏཱ་ཞིན་ཆུས་དང་ཧྲིན་ཡེས་ཆུས་དང་བསྡུར་ན་དེ་བས་རྗེས་སུ་ལུས་འདུག །ཡིན་ཡང་2019ལོར་ཧྥུང་ཐའེ་ཆུས་གློ་བུར་འགྱུར་ལྡོག་ཆེན་པོ་བྱུང་ནས་སྔོན་སྐྱོད་པའི་གྲས་སུ་ཚུད། རྒྱུ་མཚན་གང་ཡིན་ཞེ་ན་ཁོ་ཚོས་ལི་ཙེ་ཚོང་དོན་ཁུལ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་རེད།
ལི་ཙེ་ཚོང་དོན་ཁུལ་ནི་2019ལོར་ལེགས་གྲུབ་བྱུང་བའི་འཛམ་གླིང་རིམ་པའི་བཟོ་སྐྲུན་ཞིག་སྟེ། བཟོ་སྐྲུན་མཁན་ཆེན་མོ་ཟཱ་ཧྭ་ཡི་ཤུལ་བཞག་བརྩམས་ཆོས་ཀྱི་ནང་གསེས་ཤིག་ཡིན། དེ་བཞིན་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ཤིང་། ཕྱི་ཕྱོགས་སྨྱན་སྦྱོར་གྱིས“འཛམ་གླིང་གི་མཛེས་སྡུག་ལྡན་པའི་འཛུགས་སྐྲུན་བཅུའི”གྲས་སུ་བདམས། ལི་ཙེSOHOཡི་ཇུས་འགོད་དང་ཟཱ་ཧྭའི་ཇུས་འགོད་གཞན་དག་དང་འདྲ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། མཐོང་བ་ཙམ་གྱི་གཞན་ལས་ཁྱད་དུ་འཕགས་པའི་ཚོར་བ་ཞིག་སྟེར་ཐུབ། མ་གཞིར་ཟཱ་ཧྭ་ཡིས་SOHOདང་མཉམ་ལས་མང་པོ་བྱས་མྱོང་ལ། ཆེས་སྔ་མའི་དགུ་ཚིགས་SOHOདང་། དེ་རྗེས་ཀྱི་ཝང་ཅིང་SOHOདང་།ཧྲང་ཧའེ་ལིང་ཁུང་SOHO དེ་བཞིན་ད་ལྟའི་ལི་ཙེ་SOHOབཅས་བརྩམས་ཆོས་རེ་རེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཟཱ་ཧྭ་སྐུ་གཤེགས་རྗེས་བརྩམས་ཆོས་དེ་དག་དེ་བས་རྩ་ཆེན་དུ་གྱུར་ཞིང་། ལི་ཙེ་SOHOཟཱ་ཧྭའི་མཐའ་མཇུག་གི་བརྩམས་ཆོས་སུ་གྱུར།
ཚོང་ལས་དང་གཞུང་ལས་གཞི་གཅིག་ཏུ་འདུས་པའི་སྣ་འཛོམས་ཐོག་ཁང་དེ། 2019ལོའི་ཟླ་9པའི་ཚེས་25ཉིན་ཚོང་སྒོ་འབྱེད་པ་རེད། ལས་གཞི་འདི་མཐོ་ཚད་སྨི་190ཟིན་པའི་དཀྱིལ་ཁྱམས་ལ་བརྟེན་ན་མཚན་སྙན་རྒྱས་ཡོད་ལ། ཐོག་བརྩེགས་46གི་མཐོ་ཚད་ས་ངོས་ནས་རྩེ་རིམ་དུ་ཐུག་ཡོད་པར་མ་ཟད། རྒྱ་ཁྱོན་སྨི་གྲུ་བཞི་མ་172,800ཡོད་པའི་ཐོག་ཁང་གཉིས་སྣོལ་འདྲིས་སྒོས་གཞི་གཅིག་ཏུ་སྦྲེལ་ཡོད། དཀྱིལ་ཁྱམས་ཀྱི་ས་འོག་གི་ཆ་ཤས་ནི་པེ་ཅིང་གིས་འཛུགས་སྐྲུན་བྱེད་བཞིན་པའི་ས་འོག་ལྕགས་ལམ་ལམ་ཐིག་16པ་དང་ལམ་ཐིག་14པ་གཉིས་ཀྱི་ལི་ཙེ་ལམ་དུམ་གྱི་འགྲིམ་འགྲུལ་ལྟེ་བ་ཡིན།
ཇུས་འགོད་ལ་མཐའ་འཁོར་གྱི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པས། ཐོག་ཁང་གི་ས་འོག་གི་ཆ་ཤས་ནི་ས་འོག་ལྕགས་ལམ་གྱི་ཕུག་ལམ་དང་འགྲིག་མཐུན་ཡོང་ཆེད་ཆ་ཤས་གཉིས་སུ་གྱེས་པ་དང་། ཐོག་ཁང་ཡར་འཕར་བ་དང་བསྟུན་དཀྱིལ་ཁྱམས་བར་སྟོང་གི་ཕྱོགས་བཞིའི་ཟུར་ཚད་ཏུའུ་45ཡི་གཅུས་འཁོར་གྲུབ་སྟེ། མཐོ་རིམ་ཐོག་ཁང་གི་ཆ་ཤས་དང་ལི་ཙེ་ལམ་གྱི་ཁ་ཕྱོགས་གཅིག་མཐུན་ཡོང་བར་བྱས་འདུག །ཕྱི་དབྱིབས་བརྗིད་ཉམས་ལྡན་པའི་དཀྱིལ་ཁྱམས་འདི་ཇུས་འགོད་ཀྱི་ཐོག་མར་ཁང་པའི་ནང་གི་སྤྱི་པའི་བར་སྟོང་གསར་པ་ཞིག་ཏུ་ཚོད་རྩིས་བྱས་ཡོད་དེ། བཟོ་སྐྲུན་མཐའ་འཁོར་གྱི་ཐང་ཆེན་གྱི་རྒྱུན་མཐུད་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་ལ་ཕུན་སུམ་ཚོགས་པའི་ཁང་པའི་ནང་གི་བྱེད་སྒོ་སྤེལ་ཡུལ་གྱི་བར་སྟོང་ཁྱད་མཚར་ཅན་ཞིག་མཁོ་འདོན་བྱས་ཡོད།
དེ་བཞིན་དུ་ཇུས་འགོད་ཀྱི་ཐད་ནས་བལྟས་ན། ལི་ཙེ་SOHOཡི་ཇུས་འགོད་དང་ཉེ་འཁོར་གྲོང་ཁྱེར་གྱི་ཁོར་ཡུག་ཕན་ཚུན་ལ་འབྲེལ་ཆགས་ཡོད་དེ། ཐོག་བརྩེགས་ཁང་ཆེན་སྟར་གཉིས་ཏུའུ་45ཡི་ཁ་ཕྱོགས་བསྒྱུར་ནས་ཞབས་བྲོའི་ཉམས་འགྱུར་སྟོན་བཞིན་གྲོང་ཁྱེར་ལ་རྒྱང་ལྟ་བྱེད་བཞིན་པ་དང་གཉིས་སུ་མ་མཆིས། ཕྱིའི་རྣམ་པ་ནི་འཁྱགས་རོམ་གྱི་གས་སྲུབས་ལྟ་བུའི་དཀྱིལ་ཁྱམས་ཀྱི་བར་སྟོང་གིས་ཐོག་ཁང་གཉིས་གཞི་གཅིག་ཏུ་དཀྲིས་བཞིན། དེའི་ཁྲོད་དུ་མི་རྣམས་ལ་ལྡིང་སྐོར་རྒྱག་ཏུ་འཇུག་པའི་གཡོ་འགུལ་དྲག་པོ་ཐེབས་སུ་འཇུག་སྲིད། དེ་མིན་མཐོ་ཚད་སྨི་200ཙམ་ཡོད་པའི་དཀྱིལ་ཁྱམས་ནི་འཛམ་གླིང་ཡོངས་སུ་ཐོག་བརྩེགས་ཁང་ཆེན་མཐོ་ཤོས་སུ་གྱུར་རོ། །