སི་ཁྲོན་ཞིང་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


 

 སྤྱི་ཟླ་4པའི་ཚེས་22ཉིན། སི་ཁྲོན་ཞིང་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་གཟེངས་བསྟོད་ཚོགས་ཆེན་དེ་ཁྲེང་ཏུའུ་ནས་གཟབ་རྒྱས་ངང་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་ཚོགས་འདུར་ཞུགས།

སྔ་དྲོའི་ཆུ་ཚོད་བཅུའི་ཐོག །གཟེངས་བསྟོད་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དབུ་ཚུགས་པ་རེད། ཏེང་ཞའོ་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སི་ཁྲོན་ཞིང་ཆེན་དབུལ་གྲོལ་འགག་སྒྲོལ་གྱི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་གྱི་སྐུ་ཚབ་ལ་བྱ་དགའ་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྐུ་ཚབ་6གིས་གཏམ་བཤད་བྱས།

ཕེང་ཆིང་ཧྭ་ཡིས་གསུང་བཤད་ཁྲོད་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་གནང་ནས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྒེར་ལ་ལྷག་བསམ་འཁོལ་བའི་རྟེན་འབྲེལ་ཞུས། དབུལ་གྲོལ་འགག་སྒྲོལ་གྱིས་བྱས་རྗེས་བཞག་པའི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁེ་ལས་དང་ལས་དོན་སྡེ་ཁག །གྲོང་གསེབ་ཀྱི་རྒྱ་ཆེ་བའི་གཞི་རིམ་རྩ་འཛུགས་དང་ཏང་ཡོན། ལས་བྱེད། མང་ཚོགས། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག །དང་བླངས་པ། དམངས་གཙོ་ཏང་ཤོག་ཁག །བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་བཅས་ལ་བླ་ན་མེད་པའི་གུས་འདུན་ཞུས། སི་ཁྲོན་གྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བླ་མེད་གནང་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོ། ཀྲུང་དབྱང་གི་སི་ཁྲོན་ལ་བཅའ་སྡོད་བྱས་པའི་ལས་ཁུངས། སི་ཁྲོན་ལ་བཅའ་སྡོད་བྱས་པའི་དམག་དཔུང་། སྤུན་ཟླའི་ཞིང་ཆེན་ཁག་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས། སི་ཁྲོན་གྱི་དབུལ་གྲོལ་འགག་སྒྲོལ་བྱ་བཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཞང་ཀང་དང་ཨའོ་མོན། ཐའེ་ཝན་གྱི་སྤུན་ཟླ་དང་ཕྱི་སྡོད་རང་མི། ཕྱི་རྒྱལ་གྱི་གྲོགས་པོ་བཅས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་གསུངས།

 ཕེང་ཆིང་ཧྭ་ཡིས། སི་ཁྲོན་ནི་རྒྱལ་ཡོངས་དབུལ་སྐྱོར་ལས་འགན་ཆེས་ལྗི་བའི་ཞིང་ཆེན་གྲས་ཀྱི་གཅིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀར་ཐུགས་ཁུར་ཆེན་པོ་གནང་ནས། ཐེངས་མང་པོར་དངོས་སུ་སི་ཁྲོན་ལ་ཕེབས་ཏེ་རྟོག་ཞིབ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་རེད། ལོ་འདི་གའི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཅོལ་ཡིད་ལ་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། དབུལ་གྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་ཆེས་ཆེན་པོ་དང་དམངས་འཚོའི་ལས་གཞི་ཆེས་ཆེན་པོ། འཕེལ་རྒྱས་ཀྱི་གོ་སྐབས་ཆེས་ཆེན་པོ་རུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སེལ་ཡར་བརྩོན་དང་འབད་བརྩོན་ལྷོད་མེད་བྱས་ཏེ། དཀའ་སྡུག་དང་བསྟོད་འོས་པའི་དབུལ་གྲོལ་འགག་སྒྲོལ་ལས་སི་ཁྲོན་རྣམ་པར་རྒྱལ་ཏེ། ཞིང་ཆེན་ཡོངས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་625ཡོངས་སུ་དབུལ་གྲོལ་བྱུང་ཡོད་ཅིང་། དབུལ་ཕོངས་རྫོང་88ཡོངས་སུ་དབུལ་གྲོལ་བྱུང་ཡོད། དབུལ་ཕོངས་གྲོང་ཚོ་11501ཡོངས་སུ་དབུལ་ཕོངས་ལས་ཐར་ཡོད། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་དབུལ་གྲོལ་ཐུབ་ཡོད། མཐའ་གཅིག་ཏུ་དབུལ་ཕོངས་ཡིན་པ་ཡོངས་སུ་དབུལ་གྲོལ་ཐུབ་ཡོད། དབུལ་གྲོལ་འགག་སྒྲོལ་གྱིས་ཡོངས་སུ་རྒྱལ་ཁ་བླངས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་རྔམ་བརྗིད་ལྡན་པའི་དམ་བཅའ་དོན་ཐོག་འཁྱོལ་བ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་གྲུབ་འབྲས་ཡག་པོ་བཏོད་ཡོད། རྔམ་བརྗིད་ལྡན་པའི་རླབས་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་འདི་ཡིས། སི་ཁྲོན་དབུལ་ཕོངས་ལས་རྒྱལ་བ་དང་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱས་པའི་ངོ་མཚར་གྱི་ལེའུ་བསྐྲུན་ནས། སི་ཁྲོན་ཞིང་ཆེན་གྱི་འཕེལ་རྒྱས་ལོ་རྒྱུས་ཐོག་བཀྲག་མདངས་བཀྲ་བའི་རི་མོ་ཞིག་བྲིས་ཡོད་པས། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞེས་གསུངས།

  ཕེང་ཆིང་ཧྭ་ཡིས། དབུལ་གྲོལ་ཐུབ་པ་མཐར་ཐུག་གི་དམིགས་འབེན་མིན་པར། འཚོ་བ་གསར་པ་དང་འབད་བརྩོན་གསར་པའི་འགོ་ཚུགས་ས་རེད། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་ཐོག་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་རྒྱས་གཏོང་བ་ཡི་ལས་ཀ་སོ་སོ་དང་མཐུད་སྦྲེལ་ཡག་པོ་བྱས་ནས། དབུལ་གྲོལ་རྨང་གཞི་སྔར་ལས་བརྟན་པོ་དང་གྲུབ་འབྲས་སྔར་ལས་རྒྱུན་ཆད་མེད་པ་ཐོབ་ཏུ་འཇུག་དགོས། བར་བརྒལ་དུས་ཡུན་གྱི་མི་དོར་བ་བཞིའི་བླང་བྱ་ནན་ཏན་དོན་འཁྱོལ་བྱས་ནས། སླར་ཡང་དབུལ་ཕོངས་ལ་མི་འགྱུར་བའི་ལས་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ནང་རྐྱེན་སྔར་ལས་འཐུས་ཚང་། གསར་གཏོད་རང་བཞིན་གྱི་རོགས་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཐོན་ལས་འཕེལ་རྒྱས་ཆེན་པོ་དང་ལས་ཞུགས་རྒྱ་བསྐྱེད་དེ། མུ་མཐུད་དུ་གྲོང་གསེབ་གཙོ་བོ་ལ་གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་རུ་ཁག་མངགས་ནས། ཤར་ནུབ་རྒྱུད་ཀྱི་གྲོས་མཐུན་དང་ཞིང་ཆེན་ནང་གི་རིགས་མཐུན་རོགས་སྐྱོར། གནས་གཏན་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་དམ་འཛིན་བྱས་ཏེ། མཐའ་གཅིག་ཏུ་གཞི་ཁྱོན་རང་བཞིན་གྱིས་སླར་ཡང་དབུལ་ཕོངས་མི་འགྱུར་བའི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་དགོས། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ། འཕེལ་རྒྱས་བཀོད་པ་གསར་པ་འདྲེས་སྦྱོར་བཅས་གཙིགས་སུ་བཟུང་ནས། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ལས་ཀ་དེ་གལ་ཆེན་ནང་གི་དོན་ཆེན་དུ་འཛིན་པ་རྒྱུན་འཁྱོངས་དང་། མུ་མཐུད་དུ་གྲོང་གསེབ་ཀྱི་བཅོས་བསྒྱུར་གཉིས་ཀྱི་མཇུག་མཐུད་ལས་ཀ་ཡག་པོ་བསྒྲུབ་པ། དེང་རབས་ཞིང་ལས་སྤེལ་ཁུལ་འཕེལ་རྒྱས་ཤུགས་ཆེར་གཏོང་བ། གྲོང་གསེབ་གསར་པའི་ཐུན་མོང་དཔལ་འབྱོར་གསོ་སྐྱོང་རྒྱ་ཆེར་གཏང་བ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུ་ཇེ་མགྱོགས་བཏང་སྟེ། ཞིང་ལས་སྤུས་ཚད་མཐོན་པོའི་ཕན་འབྲས་དང་གྲོང་གསེབ་བདེ་སྡོད་ལས་བརྩོན། ཞིང་པ་འབྱོར་ཕྱུག་དང་བདེ་སྐྱིད་ཡོང་བར་འབད་བརྩོན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་གོ་གནས་གལ་ཆེན་དུ་བཞག་ནས། གོམ་སྟབས་བརྟན་པོས་བྱས་རྗེས་བརྩོན་ལེན་བྱས་ཏེ། མུ་མཐུད་དུ་མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་སྔར་ལས་ཡིད་ཚིམས་པ་ཞིག་དང་སྔར་ལས་ཁག་ཐེག་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ་ཞིག་འགྱུར་དུ་འཇུག་དགོས་ཞེས་ནན་གསུངས་གནང་།

 གྲོས་ཚོགས་མ་འཚོག་སྔོན། ཕེང་ཆིང་ཧྭ་སོགས་ཀྱིས་ལོ་རྒྱུས་མཆོང་བརྒལ་ལྟ་བུའི་གྲུབ་འབྲས་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་སྒྲིག་འགྲེམས་སྟོན་ལ་གཟིགས་མོལ་གནང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1