སྤྱི་ཟླ་3པའི་ཚེས་1ཉིན། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་མཇུག་སྒྲིལ་རྗེས། དཀར་མཛེས་ཁུལ་གྱིས་འཕྲལ་དུ་ཚོགས་འདུ་འཚོགས་ཏེ་ལས་ཀའི་དོན་དངོས་གནས་ཚུལ་དང་འབྲེལ་ནས། ཁུལ་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་བསྐྱར་དུ་བཀོད་སྒྲིག་བྱས། སྤྱི་ཟླ་3པའི་ཚེས་2ཉིན། དཀར་མཛེས་ཁུལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། ཞིང་ཨུ་དང་ཁུལ་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐོར་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་མཐར་ཕྱིན་པ་བྱས་པས། ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྤུས་ཚད་མཐོན་པའི་སྒོ་ནས་ཡར་རྒྱས་ཕྱིན།
དཀར་མཛེས་ཁུལ་ཚན་རྩལ་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ལ་དམ་པོར་དམིགས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཚན་རྩལ་གསར་གཏོད། དམངས་ཀྱི་ཆེད་དུ་དངོས་དོན་སྒྲུབ་པ་སོགས་ཀྱི་བྱེད་སྒོ་གཅིག་གྱུར་སྒོས་སྤེལ། དར་མདོ་གྲོང་ཁྱེར་གྱིས“གཞུང་ལུགས་མྱུར་སྐྱེལ”ཅེས་པའི་ཅ་དངོས་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་དང་། ཤེས་བྱ་འགྲན་བསྡུར་དང་སྐབས་བསྟུན་འཐེན་ཞིབ། སློབ་སྦྱོང་ཐོ་འགོད་སོགས་བྱས་པ་བརྒྱུད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྤུས་ཚད་མཐོན་པོའི་ངང་ཏང་ཡོན་ཡོངས་རྫོགས་ལ་སྐུལ་འདེད་ཐུབ་པ་བྱས།
དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་གི་སྒྲོག་འགྲེལ་པ་ཝང་ཁྲང་ཧྲེང་གིས“ད་ལྟ་གྲོང་གསེབ་ཏུ་སྒྲོག་འགྲེལ་བྱེད་ས་འགྲོ་དུས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལས་གོམ་གང་མདུན་སྤོས་ཀྱིས་ཚང་མའི་ཏང་དང་རྒྱལ་ཁབ་ལ་དགའ་བའི་སྤྲོ་སེམས་བསྐྱེད་ཡོད་པ་མངོན་གསལ་དོད་པོས་ཚོར་ཐུབ་བཞིན་འདུག”ཅེས་བཤད། ཝང་ཁྲང་ཧྲེང་གིས་སྒྲོག་འགྲེལ་ལས་དོན་ལོ་38རིང་བསྒྲུབས་མྱངས་ལ། རྒྱུན་དུ་གྲོང་གསེབ་ཀྱི་དུད་ཁྱིམ་ནང་སོང་སྟེ། ཁ་མཚར་རྩེད་མོ་དང་གོ་བདེ་ཉོན་བདེའི་ཐབས་ཤེས་སྤྱད་ནས། མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད།
ལི་ཐང་རྫོང་སྐད་གཉིས་རྒྱུན་སྡོད་དཔེ་སྟོན་སློབ་ཆུང་དུ་སོང་ན། ག་ས་གང་ནས་ཚར་དུ་དངར་བའི་མི་རིགས་མཐུན་སྒྲིལ་གྱི་འགྲེམ་བྱང་དང་གྲལ་དུ་སྒྲིག་པའི་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་སྦྱར་ཡིག་མཐོང་ཐུབ། ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་འཛིན་གྲྭའི་ཚོགས་འདུ་ཐོག །སློབ་མ་བསྟན་འཛིན་ལྷ་སྐྱིད་ཀྱིས་སྐད་གསང་མཐོན་པོས“བོད་རིགས་ཀྱི་གྲོགས་པོ་ཆུང་ཆུང་དང་མི་རིགས་གཞན་པའི་གྲོགས་པོ་ཆུང་ཆུང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ལ། ཕན་ཚུན་ལ་མཛའ་བརྩེ་བཅངས་ནས། མཐུན་སྒྲིལ་ཡག་པོ་བྱེད་དགོས”ཞེས་བརྗོད་བཞིན་འདུག །
རྗེས་ཕྱོགས། དཀར་མཛེས་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ལས་ཁུངས་དང་སློབ་གྲྭ། ཞིང་འབྲོག་ས་ཁུལ། སྡོད་ཁུལ། ཁེ་ལས་བཅས་སུ་རྒྱ་བསྐྱེད་ནས། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པའི་ཡིད་ཆེས་དང་ཏང་གི་དྲིན་དྲན་པའི་ཆོད་སེམས། ཏང་གི་རྗེས་སུ་བསྙེག་པའི་ངེས་ཤེས་ཇེ་བརྟན་གཏང་རྒྱུ་རེད།
རྔ་བ་ཁུལ་ནི་དམར་དམག་རྒྱང་སྐྱོད་ཁྲོད་དམར་དམག་སྐྱོད་པའི་མི་གྲངས་ཆེས་མང་བ་དང་སྡོད་ཡུན་ཆེས་རིང་བ། ཚོགས་འདུ་འཚོགས་པ་ཆེས་མང་ས་དེ་ཡིན་པར་མ་ཟད། རྒྱང་སྐྱོད་ཁྲོད་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཆེས་ཞན་པ་དང་ཏང་ནང་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཆེས་ཆེ་བ། དམག་དམངས་བར་གྱི་འབྲེལ་བ་ཆེས་ཟབ་ས་དང་། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད། རྔ་བ་ཁུལ་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་སྔོག་འདོན་ཐད་མཐོང་ཆེན་བྱས་པ་དང་། བོད་ཆའང་གི་རིག་གནས་རྐང་ཚུགས་ས་དང་སྐྱེ་ཁམས་ཁོར་ཡུག་གི་དགེ་མཚན་ལ་བརྟེན་ནས། གསར་བརྗེའི་ཐོན་ཁུངས་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སློབ་དེབ་རྒྱ་བསྐྱེད་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་པར་གྱུར།
ཁུལ་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས“དམིགས་འཛུགས་སློབ་ཚན་ལ་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་། རྒྱུ་ཆ་གཞན་ལ་སློབ་སྦྱོང་གཏིང་ཟབ་དང་ཞིབ་ཕྲ་བྱེད་པའི་རྨང་གཞིའི་ཐོག །རང་ཁུལ་གྱིས་ས་གནས་རང་ནས་སྔོག་འདོན་བྱས་པའི་སློབ་སྦྱོང་རྒྱུ་ཆ་རང་འདེམས་བྱ་ཡུལ་དུ་བརྩིས་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསླབ་རྒྱུ་ཡོད་པ་བྱས་ཡོད”ཅེས་ཟེར།
མིག་སྔར། འཛམ་ཐང་རྫོང་དང་ལི་རྫོང་། མའོ་རྫོང་།བཙན་ལྷ་རྫོང་སོགས་སུ་སྔ་ཕྱིར་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཆེད་དོན་དཔེ་ཀློག་འཛིན་གྲྭ་བཙུགས་པ་དང་།ཁྲོ་ཆུ་རྫོང་དང་ཝུན་ཁྲོན་རྫོང་སོགས་ཀྱིས་གཞུང་ལུགས་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་སོགས་ཀྱི་རྣམ་པ་དང་། དཔེ་སྟོན་འགོ་ཁྲིད་དང་ཞིབ་འཇུག་གྲོས་བསྡུར་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ཇི་མ་ཇི་བཞིན་དང་ནན་ནན་ཏན་ཏན་སྒོས་སྦྱོང་བར་སྐུལ་ཁྲིད་བྱས།
སྤྱི་ཟླ་4པའི་ཚེས་9ཉིན། “རྒྱང་སྐྱོད་ལམ་ལ་བསྐྱར་དུ་སྐྱོད། རྒྱང་སྐྱོད་གསར་པར་འབད་པས་འཇུག ”ཅེས་པའི་གསར་བརྗེའི་ཡུལ་སྐོར་ལོའི་འགོ་ཚུགས་བྱེད་སྒོ་དེ་ཁྱུང་མཆུ་རྫོང་ཡན་ལག་ཚོགས་ར་ནས་སྤེལ་འགོ་བཙུགས། རྔ་བ་ཁུལ་གྱིས“གངས་རི་རྩྭ་ཐང་། དྭངས་གཙང་རྔ་བ”ཞེས་པའི་གསར་བརྗེའི་ཡུལ་སྐོར་བགྲོད་ལམ་ཚད་ལྡན་གསུམ་དང་གསར་བརྗེའི་ཡུལ་སྐོར་ཁུལ་ཚད་ལྡན་བརྒྱད་བསྐྲུན་པ་དང་།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ས་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཉིས་མཉམ་དུ་སྦྲེལ་ནས། ཏང་གི་ལོ་རྒྱུས་རྒྱུད་འཛིན་དང་། གསར་བརྗེའི་རིག་གནས་ཁྱབ་སྤེལ། མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་དང་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་ཐུབ་པ་བྱ་རྒྱུ་རེད། །