དམར་དམག་རྒྱང་སྐྱོད་དཀར་མཛེས་ཁུལ་དུ་བརྒྱུད།

རྣམ་དཀའ་ལྷ་མོ་དང་དོན་གྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


རྒྱང་སྐྱོད་ནི་ཀྲུང་གོའི་གསར་བརྗེའི་ཆེས་བརྗིད་ཉམས་ཆེ་བའི་ལེའུ་ཞིག་ཡིན་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱུན་རིང་བའི་ལོ་རྒྱུས་ཁྲོད་འོད་དུ་འཚེར་བའི་ལོ་ཟླ་ཞིག་ཡིན།

དཀར་མཛེས་ཁུལ་ནི་ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། ནང་ས་དང་བོད་ལྗོངས་མཐུད་བྱེད་ཀྱི་སྦྲེལ་ཐག་ལྟ་བུ་ཡིན་ལ། རྒྱ་བོད་མི་རིགས་མཛའ་འབྲེལ་འགྲོ་འོང་བྱེད་པའི་གསེར་ཟམ་ལྟ་བུ་ཡིན། དེའི་ས་བབ་ཀྱི་གནས་སྟངས་དམིགས་བསལ་ཡིན་པའི་དབང་གིས་གནའ་ནས་བཟུང་དམག་མིས་ངེས་པར་དུ་བརྩོན་ལེན་བྱ་དགོས་པའི་ས་ཆ་ཞིག་ཡིན་པས། འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པའི་བར་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱས་ཤིང་། དཀར་མཛེས་བོད་འབྲེལ་ས་ཁུལ་ནས་འགྲོ་འདུག་ལོ་གཅིག་དང་ཟླ་གསུམ་ལྷག་བྱས། 1935ལོར། དམར་དམག་གི་དམག་ཤོག་དང་པོ་དང་གཉིས་པ། བཞི་པ་བཅས་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་རྫོང་ཁག་16ཏུ་ཕྱིན་ནས་བཅའ་སྡོད་བྱས་ཤིང་། དེ་གར་ངལ་གསོ་དང་། སྦྱོང་བརྡར། ཁ་གསབ་བཅས་བྱས་ནས་བྱང་སྐྱོད་ལ་གྲ་སྒྲིག་བྱས། དཀར་མཛེས་ས་ཁུལ་གྱི་མི་དམངས་ཀྱིས་དཀའ་ཁག་ལ་མི་འཛེམ་པར་དམར་དམག་ལ་རྒྱབ་སྐྱོར་བྱ་ཆེད་རང་ཉིད་ཀྱི་ནས་རྡོག་མཐའ་མ་དེ་སྐྱེས་སུ་ཕུལ་ཞིང་། མཐའ་མཇུག་གི་ལུག་བལ་སྤར་གང་ཡང་གསར་བརྗེའི་ཆེད་དུ་ཕུལ་བ་རེད།

དམར་དམག་རྒྱང་སྐྱོད་བྱེད་སྐབས། དཀར་མཛེས་ཁུལ་གྱི་རྫོང་16བརྒྱུད། བཅའ་སྡོད་ཀྱི་དུས་ཡུན་རིང་ཤོས་དང་། བྱེད་སྒོ་ཁྱབ་རྒྱ་ཆེ་ཤོས། བོད་དམངས་ཀྱིས་དམར་དམག་ལ་རོགས་སྐྱོར་བྱས་པའི་མཛད་རྗེས་ཆེ་ཤོས་དང་། དམར་དམག་ཤུལ་དུ་ལུས་ཚད་མང་ཤོས། གསར་བརྗེའི་རིག་དངོས་དང་རྗེས་ཤུལ་མང་ཤོས་སོགས་དམར་དམག་རྒྱང་སྐྱོད་ཁྲོད་ཀྱི་ཟིན་ཐོ་མང་པོ་གཏོད་ཡོད་ལ། དཀར་མཛེས་བོད་འབྲེལ་ས་ཁུལ་དུ་དམར་དམག་གི་གྲངས་ཉུང་མི་རིགས་ཀྱི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་ཨང་དང་པོ་སྟེ་བོད་མིའི་དམར་དམག་རང་ཚུགས་ཁྲི་དཔུང་བཙུགས་ནས་བོད་རིགས་ས་ཁུལ་གྱི་སུའུ་ཝེ་ཨེར་སྲིད་དབང་དང་པོ་སྟེ་སུའུ་ཝེ་ཨེར་བོད་པའི་སྲིད་གཞུང་བཙུགས་པ་རེད། དམར་དམག་དཀར་མཛེས་སུ་སྡོད་པའི་ལོ་གཅིག་དང་ཕྱེད་ཀའི་ནང་། བོད་དམངས་ཀྱིས་དམར་དམག་ལ་རོགས་སྐྱོར་བྱས་ནས་ངོ་མཚར་བའི་ལོ་རྒྱུས་འབོར་ཆེན་ཞིག་བརྩམས་ཡོད་དེ། དཔེར་ན། དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ། དམག་ཤོག་བཞི་པ་བཅས་དཀར་མཛེས་སུ་རྒྱལ་ཁའི་ངང་འཛོམས་ཤིང་། དགེ་རྟག་སྤྲུལ་སྐུ་དང་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེས་མཛའ་བརྩེ་ཟབ་མོ་བཙུགས་ཡོད། དཔའ་བོ་22ཀྱིས་ལྕགས་ཟམ་བླངས་ནས་ཚེ་སྲོག་ལ་བརྟེན་ནས་ཀྲུང་གོའི་ལོ་རྒྱུས་ཀྱི་ལས་དབང་བརྩོན་ལེན་བྱས་པའི་ལོ་རྒྱུས་སྙན་ངག་དེ་རུ་བྲིས་ཡོད། དཀར་མཛེས་ཁུལ་གྱིས་དམར་དམག་རྒྱང་སྐྱོད་ཆེད་བསུབ་ཐབས་མེད་པའི་མཛད་རྗེས་བཞག་ནས་ཀྲུང་གོའི་གསར་བརྗེའི་ལེའུ་གསར་པར་དབུ་ཁྱུད་བྲིས། བཅིངས་འགྲོལ་བཏང་རྗེས། དམག་ཤོག་བཅོ་བརྒྱད་པས་བོད་དུ་བསྐྱོད་ནས་བྲག་རྡོ་གཏོར་ནས་འཛམ་གླིང་ཐོག་ཉེན་ཁ་ཤིན་ཏུ་ཆེ་བའི་ཁྲོན་བོད་གཞུང་ལམ་བསྐྲུན་པ་དང་བོད་རིགས་མི་དམངས་བདེ་སྐྱིད་ཕྱོགས་སུ་སྐྱོད་པའི་གསེར་ཟམ་བསྐྲུན་ཡོད། 1950ལོའི་གསར་བརྗེ་པ་རྒན་རབས་བློ་མཐུན་ཏེང་ཞའོ་ཕིང་གིས་དཀར་མཛེས་ས་ཁུལ་གྱི་མི་དམངས་ཀྱིས་དམར་དམག་གི་དམག་ཤུགས་སོར་འཇོག་བྱེད་པའི་འགན་འཁྲི་ཆེ་ཤོས་ཁུར་ཡོད་ཅེས་གདེང་འཇོག་གནང་བ་རེད།


ལྕགས་ཟམ་ཁའི་དམར་དམག་དྲན་གསོ་ཁང་།
1935ལོའི་ཟླ་5པའི་ཚེས་29ཉིན། དམར་དམག་གི་དམག་ཤོག་དང་པོས་ལྕགས་ཟམ་འཕྲོག་རྩོད་བྱས་ཏེ། ཅང་ཅེ་ཧྲིས་ཀྲུའུ་ཏེ་དང་མའོ་ཙེ་ཏུང་གི་དམར་དམག་ཁག་གཉིས་རྩ་མེད་གཏོང་རྒྱུའི་བསམ་འདུན་རྡུལ་དུ་བརླགས་ནས། འཛམ་གླིང་དམག་དོན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཅིང་། བྱང་སྐྱོད་འཇར་འགོག་བྱེད་པའི་བགྲོད་ལམ་བཏོད་པས། ལྕགས་ཟམ་ཁ་དམར་དམག་རྒྱང་སྐྱོད་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་ཏེ། ལྕགས་ཐག་བཅུ་གསུམ་གྱིས་སྤྱི་མཐུན་རྒྱལ་ཁབ་ཏུ་སྐྱོད་པའི་ལམ་བུ་བཏེགས་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད་ལ། བློ་མཐུན་མའོ་ཙེ་ཏུང་གིས་ཀྱང་དེའི་དོན་དུ“རྒྱལ་མོའི་རྔུལ་ཆུ་འཕྲེད་དུ་བཅད་པའི་ལྕགས་ཟམ”ཞེས་པའིི་སྙན་ངག་གྲགས་ཅན་བརྩམས་པ་རེད།

རོང་བྲག་གནས་འགོ་རི་བོའི་དམར་དམག་རྗེས་དྲན་ཁང་།
1936ལོའི་ཟླ་1པོར། དམག་དམག་ཁྲི་ཤོག་ལྔ་པའི་མདའ་ཤོག་སོ་བདུན་པའི་མདའ་དཔོན་ཝུའུ་ཁི་ཧྭ་དང་སྲིད་ཨུ་ཞའེ་ལིའང་གིས་མདའ་ཤོག་ཁྲིད་ནས་འབྲི་སྨད་དང་མགར་ལུང་རྒྱུད་ནས་བརྟན་སྲུང་བྱས། དེའི་རིང་ལ་གོ་མིན་ཏང་གི་ཧོང་རིན་དབྱིན་གྱི་དཔུང་སྡེ་དང་འཐབ་འཛིང་དྲག་པོ་བྱས་མྱོང་ལ། སྐབས་དེར་གནས་འགོ་དགོན་གྱི་སྤྲུལ་སྐུ་སྐུ་ཕྲེང་སོ་བརྒྱད་པ་གཡུང་དྲུང་རྒྱལ་མཚན་གྱི་རྡོ་མཁར་བཤིག་ནས་འཛིང་རགས་བཟོས་ཤིང་། དམར་དམག་ལ་དངུལ་སྒོར་དང་འབྲུ་རིགས་ཀྱི་ཞལ་འདེབས་གནང་བར་མ་ཟད། མང་ཚོགས་ལ་སྐུལ་མ་བཏང་ནས་དམར་དམག་གི་འཐབ་འཛིང་ལ་རམ་འདེགས་ཞུས་ཏེ། མཐར་ཐུག་གི་རྒྱལ་ཁ་ལེན་པར་ནུས་པ་གལ་ཆེན་བཏོན། 1936ལོའི་ཟླ་7པར། དམར་དམག་དཔུང་ཁག་བྱང་ཕྱོགས་སུ་བསྐྱོད་ཅིང་།  མཛའ་བརྩེ་ཟབ་མོ་འདི་ཕྱིར་དྲན་བྱེད་ཆེད་གནས་འགོའི་རྒྱ་ཡིག་གི་མིང་དེ་ཏིང་གོ་ཧྲན་(顶果山)ཞེས་བྲིས་ཤིང་། རྒྱལ་ཁའི་གྲུབ་འབྲས་གུས་པས་འབུལ་བ་མཚོན་བྱེད་ཡིན་ལ། དགོན་པའི་རྒྱ་ཡིག་གི་མིང་དེ་ཡང་ཏིང་གོ་དགོན་(顶果寺)ཞེས་པར་བསྒྱུར། 2006ལོར། ད་ལྟའི་གནས་འགོ་དགོན་གྱི་སྤྲུལ་སྐུ་སྐུ་ཕྲེང་སོ་དགུ་པ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་ཉར་རྫས་2000ལྷག་འཚོལ་སྡུད་བྱས་ནས། གནས་འགོ་དགོན་པ་ནས་གསར་བརྗེའི་རྟེན་མཛོད་ཁང་ཆུང་ཆུང་ཞིག་བསྐྲུན་པར་མ་ཟད། ཀུན་ལ་རིན་མེད་གཟིགས་མཇལ་ཞུས།

དཀར་མཛེས་ཀྱི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུའི་དྲན་གསོ་ཁང་།
1936ལོའི་ཟླ་3པར། དམར་དམག་དམག་ཤོག་བཞི་པ་དཀར་མཛེས་སུ་འབྱོར། ཟླ་5པར། ཀྲུང་ཧྭ་སུའུ་ཝེ་ཨེར་བོད་པ་སྲིད་གཞུང་དང་ཡུལ་ཤོག་དང་གྲོང་རྡལ་གྱི་བོད་པ་སྲིད་གཞུང་17བཙུགས། སྐབས་མངགས་ཀྲུའུ་ཞི་གཞོན་པ་དགེ་རྟག་སྐུ་ཕྲེང་ལྔ་པས་ཏང་དང་དམར་དམག་གི་སྲིད་ཇུས་དང་དགོངས་དོན་ཁྱབ་བསྒྲགས་ཧུར་ཐག་བྱས་ཤིང་།
གྲྭ་བཙུན་དང་མང་ཚོགས་རྩ་འཛུགས་བྱས་ནས་དངུལ་སྒོར་དང་བཟའ་འབྲུ་ཞལ་འདེབས་ཕུལ། དམག་སྤྱི་ཀྲུའུ་ཏེ་དཀར་མཛེས་སུ་ཕེབས་རྗེས་སྐུ་དངོས་ནས་བེ་རི་དགོན་པར་དགེ་རྟག་སྤྲུལ་སྐུར་མཚམས་འདྲིར་ཕྱིན་ཏེ་ཁོང་དང་བགྲོ་གླེང་ཟབ་མོ་གནང་། དེ་ཡང་དར་གོས་དམར་པོའི་ཐོག་དམར་དམག་གི་གྲོགས་པོ། བོད་མིའི་མགོན་སྐྱབས་ཞེས་ཤིས་ཚིག་བྲིས།

བྲག་འགོའི་དམར་དམག་སྡོང་པོ།
1936ལོར། དམར་དམག་དམག་ཤོག་བཞི་པའི་ཁྲི་ཤོག་གྱ་བརྒྱད་པ་དང་ཁྲི་ཤོག་གྱ་དགུ་པ་སྔ་རྗེས་སུ་བྲག་འགོར་འབྱོར། ལམ་ནང་གི་ངལ་དུབ་དང་དམག་འཁྲུག་ཐེངས་མང་བརྒྱུད། ནད་པ་དང་རྨས་མ་ཇེ་མང་གྱུར་བས། བྲག་འགོར་ནས་ངལ་གསོ་བཅོས་སྒྲིག་བྱས་ཏེ། དམར་དམག་སྨན་ཁང་དང་སྨན་རྫས་ཐོན་ལས་ཁང་བཙུགས། མི་སེར་ལ་དཀའ་ལས་མི་གཏད་ཆེད། ཁོང་ཚོས་ལྕམ་བླ་ཡུལ་ཚོའི་ལྕང་སྡོང་ཞིག་གི་འོག་ནས་སྒར་བརྒྱབ་ནས་བསྡད་སྐབས། མི་སེར་གྱིས་རང་མོས་ངང་ཁོང་ཚོར་རྒྱགས་ཕྱེ་སྤྲད། དམར་དམག་གིས་མི་སེར་ལ་ལས་ཀ་ལས་རོགས་བྱས་པས་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཆགས། རྗེས་སུ། ལྕམ་བླ་ཡུལ་ཚོའི་ཡུལ་མི་རྣམས་ཀྱིས་ལྕང་སྡོང་དེར་དམར་དམག་སྡོང་པོ་ཞེས་མིང་བཏགས།

ཕྱག་ཕྲེང་གི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་།
1936ལོའི་ཟླ་5པའི་ཚེས་14ཉིན། དམར་དམག་ཁྲི་ཤོག་དྲུག་པ་ཞའོ་ཁུ་དང་ཝང་ཀྲེན་གྱི་དབུ་ཁྲིད་འོག །ཡུན་ནན་རྒྱལ་ཐང་ནས་ཕྱག་ཕྲེང་དུ་འབྱོར་ཞིང་། བསམ་འཕེལ་གླིང་གི་སྤྲུལ་སྐུའི་དགའ་བསུ་ཐོབ། དམར་དམག་ཁྲི་ཤོག་དྲུག་པ་ཕྱག་ཕྲེང་ནས་ཉིན་བདུན་རིང་ངལ་གསོ་བྱས་པ་དང་། དམག་དཔུང་བསམ་འཕེལ་གླིང་དགོན་རྙིང་དུ་ཞག་སྡོད་བྱས་པ་དང་། དམར་དམག་འཐབ་མོ་བ་དགོན་པའི་གྲྭ་པས་མི་སེར་གྱི་ཁྱིམ་དུ་ཞག་འདུག་བྱས་སུ་བཅུག །ཚེས་26ཉིན་དམར་དམག་ཁྲི་ཤོག་དྲུག་པ་ཕྱག་ཕྲེང་དང་ཁ་གྱེས་ཏེ་སོ་ཆུ་ནས་བྱང་ཕྱོགས་སུ་བསྐྱོད། དམར་དམག་རྒྱང་སྐྱོད་ཕྱག་ཕྲེང་དུ་འབྱོར་བར་དྲན་གསོ་བྱ་ཆེད། 1996ལོར་ཕྱག་ཕྲེང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བསམ་འཕེལ་གླིང་གི་རྗེས་ཤུལ་དུ་དམར་དམག་རྒྱང་སྐྱོད་ཀྱི་ཕྱག་ཕྲེང་དྲན་གསོ་ཁང་བཙུགས།

ལི་ཐང་འཇའ་བ་གྲོང་རྡལ་ཞྭ་དགོན་བསམ་འཕེལ་གླིང་དུ་དཔུང་འཛོམས་བྱུང་།
1936ལོའི་ཟླ་6པར། ཞའོ་ཁུ་དང་ཝང་ཀྲེན་གྱིས་དམར་དམག་མདའ་ཤོག་དྲུག་པ་དང་དམར་དམག་དམག་ཤོག་བཞི་པའི་མདའ་ཤོག་སོ་གཉིས་པ་ལི་ཐང་འཇའ་བ་གྲོང་རྡལ་ཞྭ་དགོན་བསམ་འཕེལ་གླིང་ནས་དཔུང་འཛོམས་བྱུང་སྟེ། ཞྭ་དགོན་བསམ་འཕེལ་གླིང་གི་གྲྭ་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་། དམར་དམག་ཕྱོགས་ཁག་གཉིས་ཀྱིས་ཞྭ་དགོན་བསམ་འཕེལ་གླིང་དུ་ཀྲུང་གུང་ཞི་ཁམས་ལྷོ་ལམ་གྱི་ལས་ཀའི་གྲོས་ཚོགས་འཚོགས། སྐབས་དེའི་དམར་དམག་དམག་ཤོག་བཞི་པའི་མདའ་ཤོག་སོ་གཉིས་པའི་བཀོད་འདོམས་པུའུ་ཞྭ་དགོན་བསམ་འཕེལ་གླིང་དུ་བཙུགས་པ་དང་། དགོན་པར་མང་ཚོགས་ཚོགས་ཆེན་འཚོགས་ཏེ་འཇའ་བ་བོད་པ་སྲིད་གཞུང་བཙུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1