བགྲང་བྱ་བཅུ་ཕྲག་འགའ་ཡི་དུས་ཡུན་ནང་། ལོ་ངོ་སྟོང་གི་མཆོང་བརྒལ་མངོན་འགྱུར་བྱུང་།བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་ཕྱོགས་ཡོངས་འཕེལ་རྒྱས་གླེང་བ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


དུས་ལྟར་དབུལ་གྲོལ་གྱི་དོན་ཆེན་ལེགས་གྲུབ་བྱུང་།


བཅིངས་འགྲོལ་སྔོན་གྱི་བོད་ལྗོངས་ཀྱི་བུད་མེད་དང་བྱིས་པ




མཚོ་བོད་ལྕགས་ལམ་སྟེང་གི་མེ་འཁོར་ལྷ་ས་ནས་བརྒྱུད་པ།

སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱུང་སྟེ། དབུལ་ཕོངས་མི་འབོར་ཚང་མ་དབུལ་ཕོངས་ལས་གྲོལ་བ། གྲོང་གསེབ་སྡོད་དམངས་ཡོངས་སུ་ཁེབས་པའི་སྤྱི་ཚོགས་འགན་སྲུང་སྒྲིག་གཞི་གཞི་རྩའི་ཆ་ནས་བཙུགས་ཤིང་། ཆ་སྙོམས་མི་རེའི་ཚེ་ཚད་ཇེ་མཐོར་བྱུང་ནས་ལོ་71.1ཏུ་སླེབས། རང་སྐྱོང་ལྗོངས་ཀྱི་ཆ་རྐྱེན་ལྡན་པའི“ལྗོན་མེད་སྡེ་པ”1079དང“ལྗོན་མེད་དུད་ཁྱིམ”ཁྲི་10.5ཚང་མ་གནད་དོན་ཐག་གཅོད་བྱས། ཞི་བས་བཅིངས་འགྲོལ་བཏང་ཚུན། བགྲང་བྱ་བཅུ་ཕྲག་འགའ་ཡི་དུས་ཡུན་ནང་། ལོ་ངོ་སྟོང་གི་མཆོང་བརྒལ་མངོན་འགྱུར་བྱུང་བས། བོད་ལྗོངས་ཕྱོགས་ཡོངས་ནས་ཡར་རྒྱས་གོང་འཕེལ་བྱུང་ཡོད།


སྤྱི་ཟླ་5པའི་ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ཁང་གིས་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ལྗོངས་མི་དམངས་ཏང་གི་དབུ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་བའི་གཏམ་རྒྱུད་སྙན་མོ་གླེང་།

དངོས་ཡོད་ཆ་རྐྱེན་གྱི་དབང་གིས། སྔོན་ཆད་ཀྱི་བོད་ལྗོངས་ནི་དབུལ་ཕོངས་ཁྱབ་རྒྱ་དང་དབུལ་ཕོངས་བྱུང་ཚད་ཅུང་མཐོ་བའི་ས་ཁུལ་ཡིན་མོད། དེ་བས་བོད་ལྗོངས་ལ་མཚོན་ན་དབུལ་གྲོལ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན།

ཝུའུ་དབྱིན་ཅེ་ཡིས་བཤད་རྒྱུར། དུས་ལྟར་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་འགྲུབ་ཆེད། བོད་ལྗོངས་ཀྱིས་མ་དངུལ་དང་རྣམ་གྲངས་མང་ཤོས་དབུལ་ཕོངས་མི་འབོར་ཐད་བེད་སྤྱད་པ་དང་། དུས་མཚུངས་སུ། བོད་སྐྱོར་མ་དངུལ་གྱི་80%ནས་90%དབུལ་གྲོལ་འགག་སྒྲོལ་ཐད་ཕྱོགས་ཏེ། ཐོན་ལས་འདེགས་སྐྱོར་དང་སྲིད་ཇུས་སྐུལ་འདེད། ལས་ཞུགས་སྔོན་སྐྱོད། བོད་སྐྱོར་རོགས་སྐྱོར། མ་མཐའི་འགན་སྲུང་སོགས་ལེགས་པོར་བསྒྲུབས་ཡོད།

ཝུའུ་དབྱིན་ཅེ་ཡིས “རང་སྐྱོང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་ཕོངས་ལས་གྲོལ་བ་དང་། དབུལ་ཕོངས་རྫོང་74ཡི་དབུལ་ཞྭ་ཕུད་ཡོད”ཅེས་མཚམས་སྦྱོར་བྱས་པ་དང་། ན་ནིང་བོད་ལྗོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་ཆ་སྙོམས་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་ཏེ། ལོ་སྔོན་མ་ལས་12.7%འཕར་འདུག །

དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་རྗེས། དེ་བས་ཚད་མཐོའི་འཕེལ་རྒྱས་ཅི་ལྟར་མངོན་འགྱུར་བྱ་དགོས་ཞེ་ན། ཆེ་དགྲ་ལྷས “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སུ། བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དམངས་འཚོའི་ཁྱབ་ཁོངས། སྤྱི་ཚོགས་བཅོས་སྐྱོང་། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ཐད་གཙོར་བཟུང་ནས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད།

རྩི་ཤིང་སྐྱེ་འགྲོའི་རི་ཆུ་ལུང་གསུམ་སྲུང་།


མཛེས་པའི་གངས་ལྗོངས། ཡོན་ཏན་གྱིས་པར་བླངས། 

བོད་ལྗོངས་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཁེབས་འགངས་ཆེན་ཡིན་ཏེ། གནས་འདིའི་སྐྱེ་འགྲོ་རྩི་ཤིང་དང་། རི་ཀླུང་སྲུང་སྐྱོབ་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

འཆམ་མཐུན་འཚོ་གནས། ཡོན་ཏན་གྱིས་པར་བླངས། 

ཝུའུ་དབྱིན་ཅེ་ཡིས་བཤད་རྒྱུར། བོད་ལྗོངས་སུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་60.8ཟིན་པ་དང་། ལྗོངས་ཡོངས་ཀྱི་ས་ཁོངས་ཕྱེད་ཀ་དོ་དམ་ཆེས་ཚགས་དམ་པའི་སྲུང་སྐྱོབ་མངའ་ཁོངས་སུ་འཁོད་ཡོད། 2016ལོའི་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་མང་ཚོགས་ལ་སྐྱེ་ཁམས་ལས་གནས་བསྡོམས་པས་ཁྲི་70མཁོ་འདོན་བྱས་ཏེ། སྔོན་ཆད་ཀྱི་ནགས་གཅོད་མཁན་ད་ལྟར་ནགས་འཛུགས་མཁན་དུ་གྱུར།

སྐྱེ་ཁམས་སྲུང་སྐྱོབ་ནི་ལམ་ལུགས་འཛུགས་སྐྲུན་དང་ཁ་འབྲལ་མི་ཐུབ། རྒྱུས་ལོན་བྱས་པ་ལྟར་ན། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》སོགས་ཁྲིམས་སྲོལ་སྒྲིག་སྲོལ་60ལྷག་སྤྱི་བསྒྲགས་བྱས་པ་དང་། ད་ལོའི་ཟླ་དང་པོར། རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་ཚད་མཐོའི་འཛུགས་སྐྲུན་སྲོལ་ཡིག》གཏན་འབེབས་བྱས་ཤིང་། འདི་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན།

ད་ལྟ། བོད་ལྗོངས་ཀྱི་ཆ་རྐྱེན་ལྡན་པའི“ལྗོན་མེད་སྡེ་པ”1079དང“ལྗོན་མེད་དུད་ཁྱིམ”ཁྲི་10.5ཚང་མ་མེད་པར་བཏང་བ་དང་། གཙོ་གནད་གཙང་པོ་དང་ཆུ་བོའི་ཆུ་སྤུས་ཚང་མ་རིམ་པ་གསུམ་ཡན་གྱི་ཚད་གཞིར་སླེབས། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ལེགས་ཀྱི་ཉིན་གྲངས་ཚད་99.4%རུ་ཟིན་ཡོད། ཝུའུ་དབྱིན་ཅེ་ཡིས་བཤད་རྒྱུར། “བོད་ལྗོངས་ནི་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པའི་ས་ཁུལ་གྱི་ཡ་གྱལ་དུ་ཚུད་ཡོད།”

མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མུ་མཐུད་མཐོར་འདེགས་བྱུང་།


བོད་ལྗོངས་ཀྱི་སློབ་གསོའི་སྐོར་གླེང་སྐབས། ཆེ་དགྲ་ལྷས“ཆེས་ལེགས་པའི་ཁང་པ་སློབ་གྲྭར་ཡོད་ལ། ཆེས་བཟང་བའི་ལུས་རྩལ་ར་བ་སློབ་གྲྭ་རུ་ཡོད་ངེས། བསླབ་རིམ་ཆེས་མཐོ་བའི་མིའང་སློབ་གྲྭ་རུ་ཡོད”ཅེས་ཡིད་ཚིམ་པའི་ངང་འདི་ལྟར་བཤད།

རྒྱུས་ལོན་བྱས་པ་ལྟར་ན། བོད་ལྗོངས་སུ་སློབ་སྔོན་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་འདུས་པའི་དེང་རབས་སློབ་གསོའི་མ་ལག་བཙུགས་ཡོད།

བོད་ལྗོངས་ཀྱི་དེང་རབས་རིག་གནས་བྱ་བཞག་ཀྱང་ཁྱོན་ཡོངས་གོང་འཕེལ་བྱུང་ཡོད་ལ། རྫོང་དང་ཁུལ་གྱི་ཕྱོགས་བསྡུས་རིག་གནས་ལྟེ་གནས་དང་། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས། སྲིད་འཛིན་གྲོང་ཚོའི་རིག་གནས་བྱེད་སྒོ་ཁང་། རྒྱང་བསྒྲགས་བརྙན་འཕྲིན་གྱི་ཕྱོགས་བསྡུས་ཁྱབ་ཚད་99%ལས་བརྒལ་ཏེ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གྱུར་ཡོད།

སྨན་བཅོས་ཐད་ནས། སྨན་བཅོས་ཤེས་ལྡན་མི་སྣས་ཚོགས་པ་བསྒྲིགས་ཏེ་བོད་སྐྱོར་བྱས་པ་བརྒྱུད། ཡུལ་ཤོག་རེ་རེ་ལ་འཕྲོད་བསྟེན་ཁང་ཡོད་པ་དང་། གྲོང་ཚོ་རེ་རེ་ལ་འཕྲོད་བསྟེན་ཁང་ཡོད་པ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད་སོགས་ས་གནས་རང་བཞིན་གྱི་ནད་རིགས་བོད་ལྗོངས་ནས་སྔར་བྱུང་མེད་པའི་གཙང་སེལ་དང་འགོག་བཅོས་བྱུང་ཐུབ།

ཁྱབ་བསྒྲགས་ཚོགས་འདུའི་ཐོག །ཝུའུ་དབྱིན་ཅེ་ཡིས་ངང་ལོ་ངོ་70ཡི་རིང་། བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་ཞིང་། མེས་རྒྱལ་གྱི་ཁྱིམ་གཞིས་ཆེན་པོའི་དྲོད་ཁོལ་བསྩལ་བར་མ་ཟད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་མཛའ་མཐུན་མྱོང་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་མེད་ཟེར། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1