བགྲང་བྱ་བཞི་བཅུའི་བླ་མེད་འཕོ་འགྱུར། བགྲང་བྱ་བཞི་བཅུའི་གཡུར་ཟའི་འབྲས་བཟང་།

ཚུལ་ཁྲིམས་བཟང་པོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་བཀྲ་ཤིས་པའི་དུས་བཟང་གི་ལོ་ཞིག་ཡིན་ལ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བཙུགས་ནས་བགྲང་བྱ་40འཁོར་བའི་དུས་སྟོན་དུ་འཁེལ་ཡོད། དེ་བས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སྤྱི་ཟླ་6པའི་ཚེས་28ཉིན། སློབ་གྲྭ་བཙུགས་ནས་ལོ་ངོ་40འཁོར་བའི་དུས་སྟོན་དང་བགྲང་བྱ་40རིང་གི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམ་སྟོན་སྤེལ་བར་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་སྟོན་རྟེན་འབྲེལ་ཞུས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ཇུས་བཟང་དཔྱིད་ཀྱི་ཕོ་ཉའི་འགྲིན་དབྱངས་ལ་བརྟེན་ནས། མི་རིགས་ས་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་བའི་སློབ་གསོའི་འཕོ་འགྱུར་ཇི་བཞིན་དུ་མཚོན་པར་བྱས།


ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནས་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱི་ཉིན་བྱེད་གངས་ཅན་ལྗོངས་སུ་འཕྲོས་ཤིང་།
ཡབ་མེས་བཀའ་དྲིན་ཅན་གྱིས་ང་ཚོ་ལ་བཞག་པའི་བཅུ་ཕྲག་རིག་པའི་འདབ་སྟོང་རབ་ཏུ་རྒྱས། སྤྱི་ལོ་1981ལོའི་ཟླ་8པར། རང་རིགས་ལ་ལྷག་བསམ་དུང་ལྟར་དཀར་ཞིང་མཁྱེན་རྒྱ་མཁའ་ལྟར་ཡངས་པའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མི་རྗེ་བཀྲ་ཤིས་ཚེ་རིང་མཆོག་གཙོར་བྱས་པའི་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱིས་ཞིང་ཆེན་སྲིད་གཞུང་ལ་བོད་ཡིག་སློབ་གྲྭ་ཞིག་བཙུགས་དགོས་པའི་སྐོར་ཡར་ཞུ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཀྱང་དེ་ལ་མཐོང་ཆེན་ཚད་མེད་བྱས་ནས་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭ་བཙུགས་ཆོག་པ་མ་ཟད། སློབ་གྲྭར་བོད་སྐད་ཡིག་དང་བོད་ཀྱི་གསོ་བ་རིག་པ། བཟོ་རིག་པ་བཅས་ཀྱི་ཆེད་སྦྱོང་ཆེན་མོ་གསུམ་དང་། སློབ་ཡུན་ལོ་བཞི། སློབ་མ་སུམ་བརྒྱ་དང་དགེ་རྒན་ལས་བཟོ་པ་དྲུག་ཅུ་བསྡུ་བའི་ཆོག་མཆན་གནང་། དེ་ནས་གཟན་དཀར་ཐུབ་བསྟན་ཉི་མ་ཁམས་ཁུལ་གྱི་ཡུལ་གྲུ་དུ་མ་ལ་ཕེབས་ནས། དམངས་ཁྲོད་དུ་བཞུགས་པའི་མཁས་པའི་དབང་པོ་དང་གྲུབ་པའི་སྐྱེས་མཆོག་གསེར་རིའི་ཕྲེང་བ་ལྟ་བུ་མང་པོ་གདན་དྲངས་ཤིང་། སྤྱི་ལོ་1981ལོའི་ཟླ་10པར་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭ་དེ་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་དུ་དངོས་སུ་བཙུགས།

གངས་ཀྱི་རི་རྣམས་ཟླ་ལྟར་དཀར། །ཡུལ་གྱི་མི་རྣམས་གཡུ་ལྟར་སྔོ། །ཆུ་ནི་ག་བུར་རེག་ལྟར་བསིལ། རླུང་ནི་སྤུ་གྲིའི་སོ་ལྟར་ཚ། །ཞེས་པའི་སྙན་ངག་ཚན་པ་འདི་སྐབས་དེའི་དགེ་རྒན་དཔལ་སྤུངས་མཁན་པོ་དིལ་ཆུང་བློ་ཆོས་ཀྱིས་སློབ་གྲྭའི་ཆགས་ཡུལ་བྲིས་པ་རེད་ལ། འདི་ལས་ཀྱང་སྦྲ་གུར་སློབ་གྲྭའི་དཀའ་སྡུག་མཚོན་ཐུབ། སློབ་གྲྭ་ཐོག་མ་བཙུགས་སྐབས་དགེ་སློབ་རྣམས་ཀྱི་སློབ་ཁང་དང་མལ་ཁང་ནི་སྦྲ་གུར་ཡིན་པ་དང་། ནམ་རྒྱུན་པུས་མོས་ཅོག་ཙེ་དང་གངས་འཁྱགས་ཀྱིས་རྐུབ་སྟེགས་བྱེད་བཞིན་ཡོད། སློབ་གྲྭས་ཐེངས་དང་པོ་ཆེད་སྦྱོང་ཆེན་པོ་གསུམ་ལ་བསྡོམས་པས་སློབ་མ་80ཙམ་བསྡུས་པ་དང་། དགེ་རྒན་ལས་བཟོ་པ་24ཡོད་པ་ལས། དངོས་ཞུགས་ལས་སྒྲུབ་པ་9དང་གནས་སྐབས་ལས་སྒྲུབ་པ་7དང་། གདན་ཞུ་དགེ་རྒན་8བཅས་ཀྱིས་གྲུབ་ཡོད།

1981ལོའི་ཟླ་10པའི་ཚེས་5ཉིན། སྡེ་དགེ་རྫོགས་ཆེན་ནས་སློབ་གྲྭ་ཐོག་མར་བཙུགས་པ།

དེ་ནས་སློབ་གྲྭའི་ཕྱི་ནང་གི་ཆ་རྐྱེན་ལ་ཚད་ཡོད་པའི་དབང་གིས་གོང་རིམ་དབུ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་དང་དགེ་སློབ་ལྷན་རྒྱས་ཀྱི་འབད་འབུངས་ལ་བརྟེན་ནས། སྤྱི་ལོ་1983ལོར་སློབ་གྲྭ་སྐབས་དེའི་མགར་ཐར་རྫོང་བ་སྨད་དུ་སྤོ་རྒྱུ་གཏན་འཁེལ་བྱས་ཤིང་། གྱ་གསུམ་འཛིན་གྲྭའི་སློབ་མ་གསར་པ་རྣམས་བ་སྨད་དུ་འཚོགས། ཡང་ཐེངས་དང་པོའི་དགེ་སློབ་རྣམས་སྔ་མལ་དུ་ཡོད་པས་སློབ་གྲྭ་གཅིག་ཁག་གཉིས་སུ་བགོས་ན་དཀའ་ཁག་ཤིན་ཏུ་ཆེ་སྟབས། སྤྱི་ལོ་1985ལོར་སློབ་གྲྭ་དེ་རྟའུ་རྫོང་དུ་གནས་སྤོས། ལོ་དེར་སློབ་གྲྭའི་མཚན་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་བསྒྱུར། སྤྱི་ལོ་1993ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བླ་ན་མེད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག །སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྡོད་གནས་གསར་པ་དར་མདོ་གཡག་རྭ་ལུང་པ་རུ་གཏན་འཁེལ་བྱས་པ་དང་དེའི་ལོ་རྗེས་མར་དངོས་སུ་སྤོས།

1981ལོའི་སི་ཁྲོན་བོད་ཡིག་སློབ་གྲྭའི་དབུ་འཛུགས་མཛད་སྒོ།

སྤྱི་ལོ་2000ལོ་ནས་ད་བར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་ཏེ་རང་སྦྱོང་སློབ་ཆེན་གྱི་འཛིན་གྲྭ་བཙུགས་པ་དང་། སྤྱི་ལོ་2005ལོར་ནས་བསྟུད་མར་ལོ་ངོ་གསུམ་གྱི་རིང་།
མཚོ་སྔོན་གསོ་རིག་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་སློབ་ཡུན་ལོ་གསུམ་རེ་ཡིན་པའི་གསོ་རིག་ཆེད་སྦྱོང་གི་ལས་བྲལ་སློབ་ཆེན་འཛིན་གྲྭ་བཙུགས་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། སྔར་སི་ཁྲོན་བོད་འབྲེལ་ས་ཁུལ་ལས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཉིས་ཀྱི་སློབ་མ་ལས་སྡུད་ཀྱི་མེད་ཀྱང་། དེང་དུས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་བོད་འབྲེལ་ས་ཁུལ་གཙོ་བོ་བྱས་པའི་ས་གནས་དུ་མའི་སློབ་མ་སྡུད་ཀྱི་ཡོད། སློབ་ཁྲིད་ཀྱི་ནང་དོན་ཐད་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་གཙོར་བྱས་ནས། སློབ་གསོའི་འཕེལ་ཕྱོགས་དང་སྤྱི་ཚོགས་ཀྱི་དགོས་མཁོ་སོགས་ལ་གཞིགས་ཏེ། རྒྱ་ཡིག་དང་དབྱིན་ཡིག ཆབ་སྲིད། ལུས་རྩལ། སློབ་གསོ་སེམས་ཁམས་རིག་པ། རྩིས་འཕྲུལ། གླུ་གར་སོགས་དེང་རབས་ཀྱི་ཤེས་བྱའི་ནང་དོན་སྣ་མང་འདུས་པའི་གནའ་དེང་ཟུང་འབྲེལ་གྱི་སློབ་གསོའི་མ་ལག་འཐུས་ཚང་ཞིག་གྲུབ་ཡོད་ལ། བོད་སྐད་ཡིག་དང་བོད་ཀྱི་གསོ་བ་རིག་པ། བཟོ་རིག་པ་བཅས་ཆེད་ལས་ཆེན་མོ་གསུམ་གྱི་སྲོལ་རྒྱུན་མ་ཉམས་པའི་ཐོག །སློབ་གྲྭ་གཞན་དག་དང་མཉམ་འབྲེལ་བྱས་པའི་དངོས་ཚན་དང་ཆེད་ཚན། དེ་བཞིན་ལས་བྱེད་ཟབ་སྦྱོང་འཛིན་གྲྭ་སོགས་རིམ་པ་མི་འདྲ་བའི་འཛིན་གྲྭ་སྣ་མང་ཡོད་པ་མ་ཟད། སྡེ་དགེ་རྫོང་སར་དང་རྫོགས་ཆེན། སེར་ཤུལ། བྲག་འགོ་ལས་རིགས་སློབ་གྲྭ་བཅས་སུ་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་མཉམ་འབྲེལ་སློབ་གྲྭ་བཙུགས་ཡོད་པས། སློབ་གྲྭ་འདི་ནི་དེང་རབས་ཕྱོགས་བསྡུས་རང་བཞིན་གྱི་ཚད་དང་ལྡན་པའི་འབྲིང་གཉེར་སློབ་གྲྭ་ཞིག་གྱུར།

སློབ་གྲྭའི་སྤུས་ཚད་ནི་དགེ་རྒན་གྱི་དཔུང་སྡེ་བཟང་ངན་ལ་འབྲེལ་བ་དམ་ཟབ་ཡོད་རྐྱེན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གསོ་སྐྱོང་གི་ལས་ཀར་མཐོང་ཆེན་བྱས་ཤིང་། ད་ལྟ་དགེ་རྒན་ལས་བཟོ་པ་60ལྷག་ཡོད་དེ། སྔར་གཞུག་ཏུ་སློབ་གྲྭ་རང་ནས་སློབ་མཐར་ཕྱིན་པའི་སློབ་མའི་ཁྲོད་ལྷག་བསམ་དཀར་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཁག་ཅིག་དགེ་རྒན་དུ་བསྐོས་རྗེས། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་མི་རིགས་སློབ་ཆེན་ཁག་ཏུ་ཟབ་སྦྱོང་བཏང་ནས་སློབ་གསོའི་ནུས་པ་སྐྱེད་སྲིང་བྱས་པ་དང་། གཞན་ཡང་སློབ་གྲྭ་ཆེ་ཁག་ནས་སློབ་མཐར་ཕྱིན་པའི་དངོས་གཞི་སློབ་མ་དང་རབ་འབྱམས་པ། འབུམས་རམ་པ་སོགས་དགེ་རྒན་དུ་བསྡུས་པ་མ་ཟད། ནམ་རྒྱུན་བོད་རིག་པའི་མཁས་དབང་དུ་མ་སློབ་གྲྭར་གདན་འདྲེན་ཞུས་ནས་ཤེས་རིག་བགྲོ་གླེང་དང་འཆད་ཁྲིད་སྤེལ་བཞིན་ཡོད། ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་བོད་རིག་པའི་ཞིབ་འཇུག་གི་སྡེ་ཁག་བཙུགས་ཡོད་པས། ལོ་རེ་བཞིན་བོད་ཀྱི་ཤེས་རིག་སྐོར་གྱི་ལས་གཞིའི་རྣམ་གྲངས་ཐད་འབད་པ་ལྷུར་ལེན་གནང་བཞིན་ཡོད་ལ། སློབ་གསེང་གི་སྐབས་སུ་སློབ་གྲྭའི་དགེ་རྒན་ཕུལ་བྱུང་ཁག་ཅིག་རྒྱལ་ནང་གི་སློབ་གྲྭ་ཆེ་ཁག་དང་རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་སུ་གདན་ཞུས་ལྟར་ཕེབས་ནས། རིག་གཞུང་དཔྱད་རྩོམ་སྤེལ་བ་དང་བགྲོ་གླེང་གནང་བས། མཁས་མང་འདུས་པའི་ཁྲོད་ནས་མཐོང་ཆེན་དང་གདེང་འཇོག་ཚད་མཐོན་པོ་ཐོབ་བཞིན་མཆིས།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ལ་ད་ཡོད་སློབ་མ་1600ལྷག་ཡོད་ཅིང་། བགྲང་བྱ་བཞི་བཅུའི་རིང་བསྡོམས་པས་སློབ་མ་ཆིག་ཁྲི་ལྷག་གསོ་སྐྱོང་བྱས་པ་དང་། སློབ་གྲྭ་ནས་མཐར་ཕྱིན་པའི་ཆེད་སྦྱོང་སོ་སོའི་སློབ་མ་རྣམས་སྤྱི་ཚོགས་ཐོག་གི་གཞུང་ཞབས་པ་དང་དགེ་རྒན། སྨན་པ་སོགས་བསྡུ་བའི་རྒྱུགས་སྤྲོད་དུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་དང་འཐོབ་བཞིན་ཡོད་པས། ཁྱིམ་བདག་གི་དགའ་བསུ་དང་སྤྱི་ཚོགས་ཀྱི་བསྟོད་བསྔགས་ཐོབ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེས་ཐོག་མའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་400ལས་མེད་ཅིང་། སློབ་ཁང་དང་སྡོད་ཁང་ནི་སྦྲ་གུར་ཤ་སྟག་ཡིན་ཡང་། ད་ལྟར་སློབ་ཁྲིད་ཐོག་ཁང་དང་སྨྱན་སྦྱོར་གསར་པའི་སློབ་ཁང་། དཔེ་མཛོད་ཁང་། དངོས་སྦྱོང་ཁང་། སྣ་འཛོམས་ཐོག་ཁང་། ཞིབ་འཇུག་ཁང་། བྱེད་སྒོ་ལྟེ་གནས། འགྲེམ་སྟོན་ཁང་།
དགེ་རྒན་སྡོད་ཁང་། སློབ་མའི་སྡོད་ཁང་། ལུས་རྩལ་ར་བ་སོགས་སྣ་འཛོམས་ཤིང་སྤུས་ཀ་ལེགས་ལ། སློབ་གྲྭའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སུམ་ཁྲི་ལྔ་སྟོང་ལྷག་ཡོད།

བོད་ཡིག་སློབ་གྲྭའི་ལས་དོན་ཁག་ལ་ཀྲུང་དབྱང་དང་ཞིང་ཆེན། དེ་བཞིན་རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་དུ་མས་ཐུགས་ཁུར་རྒྱབ་སྐྱོར་དང་མཐོང་ཆེན་བྱེད་ཀྱི་ཡོད་པས། བོད་ཡིག་སློབ་གྲྭའི་དགེ་སློབ་ལས་བཟོ་པ་ཡོངས་ལ་སྔར་ལས་ལྷག་པའི་ལས་དོན་སྒྲུབ་སེམས་བསྐྱེད་ཅིང་། སློབ་གྲྭར་འོད་སྟོང་འཕྲོ་བའི་མདུན་ལམ་ཡོད་པར་ཡིད་ཆེས་ཡོད་ལ། མ་འོངས་པར་ཞིང་ཆེན་བོད་ཡིག་སློབ་གྲྭའི་མི་རིགས་སློབ་གསོའི་བྱ་བཞག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ་དང་ཆབས་ཅིག་སློབ་གྲྭའི་སྙན་གྲགས་ཀྱང་སྔར་བཞིན་འབྲུག་སྒྲ་ལྟར་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་པའི་སྨོན་འདུན་ཞུའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1