བསྐལ་བརྒྱའི་དྲན་གསོ།
ཆས་པ་རྟ་མགྲིན་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ།
སྐྱ་རེངས་བསུ་བའི་ངུ་འབོད།
འབྱུང་པོའི་ཚོགས་ཀྱིས་བདག་གིར་བཟུང་བའི་མུན་ནག་མཚན་ལམ་རིང་མོ་རུ། །
ཉམ་ཆུང་ཚེ་སྲོག་འཁྱུར་མིད་ལ་རྔམས་སྤྱང་མོ་དག་གི་འདུར་རྒྱུག་རྒོད། །
བདག་པོས་དོར་བའི་བུ་དང་བུ་མོའི་སྡུག་བསྔལ་དྲག་པོའི་ངུ་འབོད་སྒྲས། །
འཇིགས་རུང་མཚན་མོར་རྫོངས་པ་དང་བཅས་རེ་བའི་སྐྱ་རེངས་བསུ་ལ་རེམ། །
གྲུ་གཟིངས་དམར་པོའི་རྨི་ལམ།
གནམ་ས་གཡོ་བའི་ཨུ་གོའི་ཟླ་བཅུའི་གསར་བརྗེའི་མེ་སྒྱོགས་འགད་གཏོར་སྒྲས། །
འཛམ་གླིང་དབང་ཕྱོགས་ཀྲུང་གོ་ལ་ནི་མར་ལེ་དགོངས་པའི་རིང་ལུགས་བསྒྲགས། །
ཧྲང་ཧའེ་ཅ་ཞིན་མཚོ་མོའི་ངོགས་ཀྱི་གྲུ་གཟིངས་དམར་པོའི་འགུལ་སྐྱོད་ལས། །
ཐོ་དང་ཟོར་བའི་མཚོན་རྟགས་ཅན་གྱི་བཟོ་ཞིང་མཉམ་འབྲེལ་ཏང་དེ་འཁྲུངས། །
ནན་ཁྲང་གྲོང་གི་བོའུ་སྐད།
རླབས་ཆེན་ཏང་གི་ལོ་རྒྱུས་རྒྱན་གྱུར་དོན་སྙིང་ལྡན་པའི་འོས་ལངས་ཆེ། །
བརྒྱད་པའི་ཚེས་ལ་དྲག་ཤུགས་དམག་དཔུང་གོ་མིན་ཏང་གི་གདོང་དུ་ལངས། །
སྲིད་དབང་སྒེར་བཟུང་རྒྱལ་རབས་ཤིག་གི་རྩ་བ་རྫོགས་པར་དམ་བཅས་ཤིང་། །
ལོ་རྒྱུས་རྩིབས་སྟོང་ཁ་ལོ་བསྒྱུར་བའི་བོའུ་སྐད་དང་པོ་འགགས་མ་གྱུར། །
ཅིན་ཀང་རི་བོའི་མེ་ལྕེ།
གང་དེ་ཤི་གསོན་ཉེན་ཁ་ལ་ཐུག་ཛ་དྲག་ཉམས་ཚོད་བླངས་པའི་མོད། །
ཅིན་ཀང་རི་ལས་མཆེད་པའི་མེ་ལྕེས་ཡང་དག་བགྲོད་ལམ་གསལ་བགྱིས་ཤིང་། །
ཞིང་སྡེ་ལ་བརྟེན་གྲོང་ཁྱེར་མཐའ་སྐོར་དྲག་ཤུགས་མེ་དཔུང་ལ་བརྟེན་ན། །
བཙན་པོའི་ལག་ནས་སྲིད་དབང་འཕྲོག་ཐུབ་རིག་པའི་སྒྲོན་མེ་གང་སར་སྦར། །
རྒྱང་སྐྱོད་ལམ་གྱི་གླུ་དབྱངས།
ལེ་དབར་ཉིས་ཁྲི་ལྔ་སྟོང་ས་ལ་དར་ཆ་དམར་པོའི་མདངས་བྱུགས་ཤིང་། །
གངས་རིའི་རྩེ་མོ་རྡོག་པས་རབ་བརྫིས་མུ་མེད་སྤང་ལྗོངས་ཞབས་ཀྱིས་བཅགས། །
བཀྲེས་སྐོམ་འཁྱགས་གྲང་མི་བཟད་སྡུག་བསྔལ་ཉམས་ཆུང་ལུས་ཀྱིས་མྱངས་གྱུར་ཏེ། །
སྔུན་དུ་སྒུག་ཅིང་རྗེས་ནས་འདེད་པའི་དགྲ་བོ་ལས་ནི་རྣམ་པར་རྒྱལ། །
ཙུན་དབྱིའི་ཚོགས་འདུའི་གདམ་ག །
སྐོར་བཅོམ་དྲག་པོར་རྒོལ་ཐེངས་ལྔ་པས་དམར་དམག་ཕམ་ཁའི་གནས་སུ་བསྐྱལ། །
ཀྲུང་གོའི་གསར་བརྗེ་ངལ་བ་དོན་ཆུང་སྐྱོབ་དཀའི་ཉེན་ཁར་ཐུག་པའི་ཚེ། །
རང་ཚུགས་ཐུབ་པའི་གྲོས་ཚོགས་དེ་ཡིས་སྐབས་འཚོལ་བཀོད་འདོམས་ཡོ་བསྲང་གིས། །
དམ་པ་གང་ཉིད་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་གཙོ་བོར་བསྐོས། །
ཡན་ཨན་དོང་གི་སྣུམ་སྒྲོན།
གང་གི་གཟི་འབར་ལོ་རྒྱུས་སུ་བྱུང་དོན་སྙིང་བླ་མེད་སྒྲོན་མེ་ཆེ། །
ས་དོང་ནས་སྦར་ཀུན་སྤྱོད་དག་ཐེར་མ་རིག་མུན་སེལ་འོད་རླབས་ཀྱིས། །
ཏང་སྲོལ་སློབ་སྲོལ་རྩོམ་སྲོལ་ལ་སོགས་ཚུལ་མིན་སྤྱོད་ཡན་ལེགས་བཅོས་ཤིང་། །
བསམ་བློའི་སྲོག་རྩར་གཡོ་འགུལ་ཐེབས་པའི་མི་གཙང་ནད་དུག་ཀུན་ནས་བསལ། །
འཇར་འགོག་དཔའ་བོའི་གད་རྒྱངས།
མཁའ་ལམ་མཚོ་ལམ་སྐམ་ས་ལ་ནི་དྲག་པོའི་དཔུང་གིས་ཚུར་རྒོལ་ཞིང་། །
ཀྲུང་ཧྭ་འཛིན་མ་ཧམ་བཟུང་དང་བཅས་གསོད་འཕྲོག་བསྲེགས་པའི་ཧབ་ཆ་སྒྲོག །
ལུའུ་ཀུའུ་ཟམ་པར་དགྲ་བོའི་གདོང་ལངས་བོའུ་སྐད་དང་པོ་གྲགས་པ་ནས། །
ལོ་ངོ་བཅུ་བཞིར་དམག་འཐབ་བགྱིས་པའི་དཔའ་བོའི་གད་རྒྱངས་ཉམས་སུ་མེད། །
མུན་པ་སེལ་བའི་ཉི་མ།
ཞིང་པ་ལས་ཐོན་དམ་པ་གང་ཉིད་འཛམ་གླིང་ཉི་མའི་ཚབ་ཏུ་བྱུང་། །
མུན་པ་སེལ་བྱེད་གཞུང་ལུགས་སྒྲོན་མེ་ཀྲུང་གོ་སྐྱོབ་པའི་དཔལ་དུ་སྦར། །
ལྔ་ཕྲག་ཟུང་དུ་རྒྱལ་ནང་མ་འཆམ་འཁྲུག་ཆེན་གསུམ་ལ་རྒྱལ་ཁ་བླངས། །
སྒེར་བཟུང་ངན་རུལ་རྒྱལ་རབས་ཤིག་གི་ལོ་རྒྱུས་ལ་ནི་སྐྱེལ་མ་མཛད། །
ཡར་ལངས་ཐོབ་པའི་བསྒྲགས་གཏམ།
བསྐལ་བར་འབངས་ཀྱི་གཉའ་ནས་གནོན་པའི་རི་བོ་ཆེ་གསུམ་རྩ་ནས་བསྙིལ། །
ནང་དགྲ་བཏུལ་ཅིང་ཕྱི་དགྲ་མཐར་བསྐྲད་དམངས་རྣམས་རང་ཁྱིམ་རང་བདག་བྱུང་། །
ད་ནི་མི་དམངས་ཡར་ལངས་ཐོབ་ཅེས་སྲིད་པ་རིམ་དགུ་འགུལ་བྱེད་པའི། །
གནམ་བདེ་སྒོ་མོའི་བར་ཁྱམས་དེ་ནས་མཆོག་གི་བསྒྲགས་གཏམ་ཕྱོགས་སུ་ཁྱབ། །
བདེན་དོན་གྲོས་པའི་གཏན་ཚིགས།
ལིན་པའོ་གཙོ་བགྱིས་ལོག་སྤྱོད་ལམ་ཞུགས"མི་བཞིའི་ཤོག་ཁག"བརླགས་བྱས་ཤིང་། །
ལག་ལེན་ཉིད་ནི་བདེན་དོན་ཡིན་མིན་ཞིབ་བཤེར་ཚད་གཞི་ཉག་ཅིག་ཅེས། །
གྲོས་བསྡུར་ཆེན་པོས་དཀར་ནག་གོ་ལྡོག་མ་ཉེས་ཁ་གཡོགས་ཡོ་བསྲང་དང་། །
ནོར་འཁྲུལ་ཁས་ལེན་ཕྱི་གསལ་ནང་གསལ་སྲིད་ཇུས་སྣ་ཚོགས་དོན་ཐོག་ཕབ། །
དཔྱིད་དཔལ་བཞད་པའི་གཏམ་རྒྱུད།
ཚོགས་ཆེན་བཅུ་གཅིག་གྲོས་ཚོགས་གསུམ་པའི་དོན་ལྡན་དཔྱིད་ཀྱི་འབྲུག་སྒྲ་ཡིས། །
ཀྲུང་ཧྭའི་འཛིན་མར་དཔལ་ཡོན་རབ་བསུས་རྒྱལ་ཇུས་བྱ་བའི་གཙོ་གནད་ཆེ། །
དཔལ་འབྱོར་འཛུགས་སྐྲུན་འཛིན་ཞིང་སྤེལ་བའི་གནད་ཀྱི་སྟེང་དུ་སྒྱུར་སྤོས་ཤིང་། །
བཅོས་བསྒྱུར་སྒོ་འབྱེད་སྤོབས་པས་སྤེལ་བའི་ལོ་རྒྱུས་གསར་པར་དབུ་ཁྱུད་བཀོད། །
ལྷན་འཛོམས་བྱུང་བའི་དགའ་འབོད།
མཆོག་གི་སྒམ་བརླིང་བློ་གྲོས་ལས་འཁྲུངས་རྒྱལ་ཁབ་གཅིག་ལ་ལུགས་གཉིས་ཀྱི། །
མེས་རྒྱལ་གཅིག་འགྱུར་རིག་ལམ་གསར་པས་ལོ་བརྒྱའི་ངོ་ཚ་དག་བྱས་ཤིང་། །
ཡུན་རིང་འཁྱམས་པའི་ཞང་ཀང་ཨའོ་མོན་སླར་ཡང་ཨ་མའི་པང་དུ་ལོག །
ལྷན་འཛོམས་བྱུང་བའི་དགའ་སྤྲོའི་འབོད་སྒྲས་འཛམ་གླིང་རྣ་བ་འགད་ལ་དོགས། །
གཉོམ་ཆུང་སྐྱོབ་པའི་ཕ་མ།
ས་ཆུ་མེ་རླུང་འབྱུང་བ་འཁྲུག་པས་སེམས་ཅན་སྡུག་ལ་སྦྱོར་བྱེད་ཅིང་། །
ཟིན་དང་མ་ཟིན་ནད་རིམས་དྲག་པོས་འགྲོ་བའི་ཚེ་སྲོག་འཕྲོག་པའི་དུས། །
རྡོག་རྩ་གཅིག་སྒྲིལ་དཔུང་པ་མཉམ་གཤིབ་སྐྱིད་སྡུག་མཉམ་དུ་མྱོང་བགྱིད་པའི། །
རླབས་ཆེན་ཏང་ཁྱེད་གཉོམ་ཆུང་སྐྱོབ་པའི་དྲིན་ཆེན་ཕ་མའི་ཚུལ་དུ་བྱོན། །
ཕྱུག་འགྱུར་བྱུང་བའི་སྤྲོ་སྣང་།
དངོས་ཐོག་བདེན་འཚོལ་རིག་ལམ་གསར་པས་གང་སར་དཔྱིད་ཀྱི་ཡོ་ལང་སྤྲོས། །
མཚོན་བྱེད་གསུམ་གྱི་བསམ་བློ་ལས་འཕྲོས་རེ་བའི་མེ་ཏོག་ཕྱོགས་སུ་འཛུམ། །
ཚན་རིག་དང་མཐུན་འཕེལ་རྒྱས་ལྟ་བའི་དགོས་འདོད་འབྲས་བཟང་སྨིན་པ་ཡི། །
ཡངས་པའི་རྒྱལ་ཁམས་ཕྱུག་འགྱུར་བྱུང་བའི་ཕན་བདེ་དམངས་ལ་སྙོམས་ཤིང་མཉམ། །
དབུལ་གྲོལ་རྒྱལ་ཁའི་གཏམ་བཟང་།
བསྐལ་བར་མ་ཐུབ་དེང་འདིར་ཅིས་ཀྱང་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། །
འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་བའི་ཚ་ཚ་འུར་འུར་གཡུལ་ས་ཆེར། །
བཀྲག་མདངས་འཚེར་བའི་དར་ཆ་དམར་པོས་དཔུང་ཆེན་སྣེ་ཁྲིད་བཀོད་འདོམས་མཛད། །
འཐབ་དཀའི་སྲ་འཐས་གཡུལ་ས་རེ་རེར་རྒྱལ་ཁའི་གཏམ་བཟང་སྙན་པས་ཁྱབ། །
སྟོབས་འབྱོར་ལྡན་པའི་ལམ་བུ།
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་བསམ་བློ་ཡིས། །
ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བའི་རླབས་ཆེན་འཆར་གཞི་གསལ་ལེར་བཀོད། །
མི་རིང་འཛམ་གླིང་ཤར་གྱི་ཕྱོགས་འདིར་དཔལ་འབྱོར་རིག་གནས་དར་བ་ཡི། །
དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་མངོན་པར་འཕགས་ལ་སུ་མི་སྤྲོ། །