ཀྲུང་གོ་གསར་པའི་ཁྱད་ཆོས་དུང་གི་རང་སྒྲ་།
འཕན་འོ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07
སྟོང་གསུམ་སྟོང་གི་སྐར་ཁྱིམ་ཁྲོད་ནས་གཡུ་ལོ་བཀོད་ཅེས་ལྷོ་རྒྱལ་གླིང་། །
འཛམ་བུའི་སྲིད་པའི་གསེར་གཞོངས་ལྟེ་བའི་ཡ་གླིང་ཤར་གྱི་སྐམ་ས་ཆེ། །
གོ་ལའི་གཙུག་སྙིང་བདག་གིས་བཞེས་པའི་ཀྲུང་ཧྭ་མི་དམངས་སྐར་ཆེན་འཛིན། །
མཁའ་ལྡིང་ཁྱུང་གི་རིས་སུ་བཀྲ་བས་ཡངས་པའི་ཁམས་འདིར་སྙན་པས་ཁྱབ། །
ཤར་ཕྱོགས་ཞི་བདེའི་མཚོ་མོར་འདྲེས་ཤིང་ཀླུ་དབང་གཏེར་བརྒྱའི་མངའ་ཐང་རོལ། །
ནུབ་མཐའ་ཧི་མ་ལ་ཡའི་མཐོ་རྒྱུ་སྐབས་གསུམ་ཞིང་ལ་ཅོ་ཡང་འདྲི། །
ལྷོ་རུ་རང་བྱུང་ནགས་མའི་ཚལ་ཀློང་འབྲོང་བརྒྱའི་སྤུ་གྲའི་ཟོལ་གྱིས་སྡུག །
བྱང་གི་ཧོ་ལོན་པེ་ཨར་རྩྭ་ཐང་ཨ་སྔོན་གནམ་ཡང་སྐྱེངས་པ་སྟེར། །
ཁྲི་བར་ལྕགས་རི་རིང་མོའི་ཉམས་བརྗིད་ཟླ་བའི་སྟེང་ནས་གསལ་ལྷང་ངེ་། །
རྨ་འབྲི་ཡར་ཀླུང་བཞུར་རྒྱུན་གཙང་མས་དབྱིག་འཛིན་སྲོག་བཅུད་བྱུར་བུར་གཏམས། །
ཏི་སེ་ཇོ་གླང་ཐང་ལྷའི་དབུ་འཕང་ལྷ་ལམ་མཐོངས་ཀྱི་བ་དན་བརྗིད། །
མཚོ་བོད་མཐོ་སྒང་བར་སྣང་ལྕགས་ལམ་སྙན་པའི་རྫ་རྔ་མཁའ་མཐར་ལྡིར། །
ཞིང་ཆེན་ཉེར་གསུམ་རང་སྐྱོང་ལྔ་དང་གྲོང་ཁྱེར་བཞི་ཡིས་རྒྱལ་ཁམས་ཆེར། །
སྐར་ལྔའི་རྒྱལ་དར་ཕྱོགས་སུ་སྐྱོམ་པས་ཡངས་པའི་མངའ་རིས་མེ་རུ་མཆེད། །
ཏང་སྲིད་ཉི་ཟླའི་གཟི་འོད་འབར་ལ་བདེ་སྐྱིད་འཚོ་བའི་དྲོལ་ཁོལ་བརྟས། །
མི་རིགས་ང་དྲུག་པད་མའི་ཚལ་ཆེན་འཆམ་མཐུན་འདབ་སྟོང་དཔལ་བེའུ་སྦྲེལ། །
ལྷོ་མཚོ་ཁྲི་ཤོར་ཏུང་ཐེན་ལ་སོགས་ཕྱོགས་བཅུ་ཞིང་ལ་སྐར་ལྟར་འཚེར། །
གཤོང་ས་ཆེ་བཞི་སྒང་རྒྱུད་བརྒྱ་ཕྲག་སྐམ་སའི་ཤ་རུས་ཚུལ་དུ་འགྱིང་། །
ཏུན་ཧོང་བྲག་ཕུག་བྱམས་མགོན་ཆུ་གཟིགས་མེས་པོའི་བཟོ་བཀོད་ཨེ་མ་རྨད། །
པེ་ཅིན་སན་ཞིན་པོ་ཏ་ལ་ཡི་ཤེས་རིག་འོད་སྣང་དེ་བས་མཛེས། །
བྱང་ཤར་ཞིང་ཆེན་ཆེ་གསུམ་གྲོ་ནས་འབྲས་སྲན་ཞིང་རའི་གཏེར་མཛོད་ཡིན། །
ནུབ་བྱང་རང་སྐྱོང་ལྗོངས་གསུམ་རྟ་ནོར་བ་ལུག་འབྲོག་པའི་ཐོན་ཁུངས་ཡིན། །
ལྷོ་ནུབ་ཞིང་ཁམས་ཆེ་གསུམ་གསེར་དངུལ་ཟངས་ལྕགས་རིན་ཆེན་འདོད་འབྱུང་ཡིན། །
ཤར་ལྷོ་ཐད་སྐྱོང་གྲོང་གསུམ་ཚན་དཔལ་སྲིད་འབྱོར་རིག་པའི་ཕ་ཁྱིམ་ཡིན། །
ཐ་ཁོ་ལ་དང་པ་ཏན་ལིན་གྱི་བྱེ་མའི་ཀློང་གི་འཇིག་རྟེན་ཡངས། །
མཛོད་དགེ་ཁྲ་འདམ་ཨ་བ་ཐེ་སོགས་ན་ཐང་གཡུ་མདོག་མུ་མཐའ་བྲལ། །
ཐའེ་ཧྲན་ཧོང་ཧྲན་རྩེ་དགུ་རྩེ་ལྔ་བརྗིད་པའི་རི་ཕྲེང་ཚར་དུ་དངར། །
ཀུའེ་ལིན་གཟི་ཚ་གསེར་མཚོ་ལ་སོགས་སྐར་ལྔའི་མཛེས་ལྗོངས་ལྟ་ན་སྡུག །
གནམ་ས་མཚོ་ཡི་ཧྲག་དམག་བྱེ་བས་རྒྱལ་མཚམས་སྲུང་བའི་གོ་ཆ་བཙན། །
གཟིངས་ཆེན་མ་མ་མི་མེད་གནམ་གྲུ་སྔོན་ཐོག་བཟོ་རིག་ལག་རྩལ་མཐོ། །
སྐར་མཐོང་འཕྲུལ་མིག་བར་སྣང་འཕུར་ཚིགས་འཕྲུལ་རྒྱའི་དྲ་བས་འཇིག་རྟེན་གསལ། །
རྡུལ་ཕྲན་མཚོན་ཤུགས་འཁྱུག་མྱུར་འགྲུལ་སྐྱེལ་སྲིད་པའི་གླིང་གྲུར་མ་སླེབས་མེད། །
རུལ་སུངས་དཔོན་རིགས་མུ་རུ་བཅར་ཏེ་གོང་འོག་བར་གྱི་མི་སེམས་མཐུན། །
ངན་འཇོམས་ནག་རྡུང་དུས་སུ་གནང་ནས་ལེགས་ཉེས་བསླུ་མེད་སྲང་ལ་གཞལ། །
ཕྱུག་སྐྱོར་དབུལ་སེལ་གནད་དུ་མཛད་པས་འབྱོར་འབྲིང་འཚོ་བའི་ཁུད་དུ་སྐྱོད། །
ཀྲུང་གོ་དེང་རབས་ཅན་ལ་བགྲོད་པས་དམངས་ཕན་མཛད་འཕྲིན་སྔར་ལས་མོད། །
རྒྱུ་སྐར་རིལ་མོ་གོ་ལའི་དབུས་སུ་འོད་དུ་འཚེར་བའི་མུ་ཏིག་གཅིག །
འཛམ་གླིང་ཤར་དཀྱིལ་མངའ་རུ་འཛིན་པའི་དུང་བཅུ་མངའ་བའི་མི་དམངས་ཤིག །
ལྔ་སྟོང་ལོ་ཁྱུད་བསྟར་ལ་བརྒྱུས་པའི་ཤེས་རིག་སྒྲོན་མེའི་མིག་ཟུང་གསལ། །
ལོ་ཀའི་ཚལ་ལ་སྙན་པ་རྒོད་པའི་སྤྱི་མཐུན་ལམ་གྱི་ཀྲུང་ཧྭ་བསྟོད། །
གནམ་ལ་དུས་བཞི་རང་མདངས་ངོམ་ཞིང་རྩིབས་སྟོང་འཁོར་ལོའི་མུ་ཁྱུད་བརྟན། །
དོག་ལ་དགེ་བཅུ་གཡང་གི་ར་བ་བཀྲ་ཤིས་རྟགས་བརྒྱད་ངང་གིས་འཛོམས། །
ཆབ་ལ་དབུ་ཡལ་བདུད་རྩི་རང་འབབ་ཡན་ལག་བརྒྱད་ལྡན་གཡས་སུ་འཁྱིལ། །
མི་ལ་བདེ་ཐང་དཔལ་གྱིས་འཚོ་ཞིང་འདོད་དགུ་འབྱོར་ཕྱུག་ཕྱཱ་ཡིས་བསྲིངས། །
༼སྦྲང་ཆར་རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་ལོ་བརྒྱའི་ལེགས་མཛད་ལས་བཏུས།༽