དམ་བེ་ལྗང་གུ།

སྒོ་མེ་ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


རྡོ་རྗེ་ཡིས་འགྱིག་ལྷམ་མཐིལ་བརྡོལ་ཞིག་མིག་ཁར་གཏད་ནས་དེའི་ཞབས་ཀྱི་ཁུང་བུ་ལས་རྒྱང་དུ་ལྟ།

གྲོ་ཞིང་ཁའི་འདབས་ནས་ཕར་བལྟས་ན། གྲོ་ཞིང་ཁ་སློབ་ཆུང་ནི་གཤམ་གྱི་རི་རྐེད་སྙོམས་ས་ཞིག་ཏུ་ཆགས་ཡོད་པས། རྡོ་རྗེ་ཡི་འགྱིག་ལྷམ་ཞབས་བརྡོལ་དེའི་ཁུང་བུ་ནང་དུ་གྲོ་ཞིང་ཁ་སློབ་ཆུང་ལྷིང་ངེར་མངོན་ཡོང་།

རྡོ་རྗེ་ནི་ལོ་བཅུ་ལ་སོན་ཙམ་གྱི་བྱིས་པ་ཞིག་ཡིན་ལ། ཁོས་རྒྱུན་པར་བ་མོ་ཁྲིད་ནས་གྲོ་ཞིང་ཁའི་འདབས་རོལ་གྱི་ཐང་རྒོད་དེ་རུ་འཚོ་བཞིན་ཡོད། ཁོས་དེ་ལྟར་ཡུད་ཙམ་ལ་བལྟས་པ་ན། ཕྱི་དྲོའི་སློབ་གྲྭ་གྲོལ་བའི་ཅོང་སྒྲ་རྣ་ལམ་དུ“ཏིང་ཏིང་ཏིང”མཆེད་ཡོང་། ཁོས་མིག་ཁར་གཏད་པའི་ལྷམ་ཆད་དེ་བླངས་ནས་ཐང་དུ་ཙོག །སྐབས་དེར་ཁོ་ལ་སྐོམ་པའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཡོང་བས། ཁོས་ལོགས་ཀྱི་བྲོ་ཁུག་ལས་དམ་བེ་ལྗང་གུ་ཞིག་བཏོན། ཁོས་དམ་བེ་ཡི་ཁ་གཅོད་བཀོག་རྗེས་མགོར་གཡོན་ནས་སྒོག་སྒོག་ཏུ་འཐུང་། དམ་བེ་ནང་གི་འོ་མ་ཁོའི་ཁའི་ཟུར་གཉིས་ནས་བཞུར་ཏེ་ས་ལ་ཟགས་འོངས།

ཁོས་འོ་མ་ཡོངས་རྫོགས་འཐུང་ཐེངས་ཤིག་གིས་རྫོགས་པར་བྱས་རྗེས། དམ་བེ་དེ་ལག་ཏུ་བཟུང་ནས་ཉི་མའི་ཕྱོགས་སུ་གཏད་པ་ན། དམ་བེ་ལས་འོད་ཟེར་ལམ་ལམ་འཕྲོ། ཁོས་དེ་ལྟར་དམ་བེ་ཡར་སྣོག་མར་སྣོག་བྱས་ནས་བསྡད། བར་སྐབས་ཤིག་ལ། ཁོའི་ཡིད་ལ་ཅི་ཞིག་དྲན་པ་ལྟར་དམ་བེ་རི་གཤམ་དུ་གཡུག །དམ་བེ་ལྗང་གུ་དེ་རི་ངོས་སུ་མར་ཡུད་ཙམ་ལ་འགྲིལ་རྗེས་རྩི་རྐང་ཞིག་ལ་ཐོགས་ཏེ་ཏན་སེ་བསྡད་བྱུང་།

རྡོ་རྗེ་ཡར་ལངས་ཏེ་ཡང་བསྐྱར་འགྱིག་ལྷམ་གྱི་ཁུང་བུ་ལས་ལྟ་དུས། ཁོ་དང་ལོ་ཚོད་ཧ་ལམ་མཉམ་པའི་སློབ་མ་ཚོ་སློབ་གྲྭ་གྲོལ་ནས་ཡར་འོང་བཞིན་འདུག །

2

དགེ་རྒན་ཚེ་རིང་གིས“སྟག་གི་རི་མོ་ཕྱི་ན་ཡོད། མིའི་རི་མོ་ནང་ན་ཡོད……”ཅེས་སྐད་གདངས་མཐོན་པོས་གྱེར་བ་ན། སློབ་མ་ཚོས་ཁོའི་སྐད་རྗེས་སུ་འབྲངས་ནས“སྟག་གི་རི་མོ་ཕྱི་ན་ཡོད། མིའི་རི་མོ་ནང་ན་ཡོད……”ཅེས་དབྱངས་སུ་གྱེར་བའི་སྒྲ་རྣ་ལམ་དུ་འཕུར་ཡོང་།

སྐབས་དེར་སྒོ་སྲུང་ཨ་མྱེས་རིག་འཛིན་གྱིས་ལྕང་སྡོང་གུག་ཏོ་དེའི་སྐེ་རུ་དཔྱངས་པའི་ཅོང་རྙིང་དེའི་སྟེང་དུ་ལྕགས་དབྱུག་ཅིག་གིས“ཏིང་ཏིང་ཏིང……”ཞེས་བརྡུངས་བྱུང་།

དགེ་རྒན་ཚེ་རིང་གིས་ལག་གི་དཔེ་ཆ་ཁ་བསུམ་ནས“ད་ནི་སློབ་ཁྲིད་གྲོལ། སང་ཉིན་སྔ་སེ་ཚང་མས་དེ་རིང་ཁྲིད་པའི་ནང་དོན་ང་ཡོད་སར་བློར་འཛིན་དུ་ཤོག །ཡ། ད་སོངས། ལམ་ནས་སེམས་ཆུང་བྱོས”ཞེས་བཤད།

སློབ་གྲོགས་རྣམས་འཚང་ཁ་ཤིག་ཤིག་ངང་སློབ་ཁང་གི་སྒོར་བུད།

གྲོ་ཞིང་ཁའི་འདབས་རོལ་གྱི་རི་ངོས་དེར་སྦྲུལ་སྐྱ་ཞིག་ནུར་ནས་འགྲོ་བ་ལྟ་བུའི་ལམ་ཕྲན་ཀྱ་མ་ཀྱུ་ཞིག་འཐེན་འདུག །

དབྱར་གྱི་ཉི་མ་ཧ་ཅང་རིང་བས། སློབ་གྲྭ་གྲོལ་ཟིན་ནའང་ཉི་མ་ནུབ་རིར་ཡོལ་བར་ད་དུང་རྒྱང་ཐག་རིང་ཙམ་ཡོད། ཉི་མའི་ཚ་སྡུག་ཉིན་གུང་ལས་གཉོམ་དུ་ཕྱིན་ཡང་སྔར་བཞིན་ཚ་བེར་བེར་བྱེད། སློབ་གྲོགས་ཁ་ཤས་ཀྱིས་སྟོད་ལྭ་མགོར་བཀབ་ནས་ཙད་ལ་གཡོལ་བ་དང་། འགའ་ཞིག་གིས་དཔེ་ཁུག་མགོར་བཀབ་ནས་འགྲོ།

ཁོ་ཚོས་ཉིན་གུང་དགེ་རྒན་ཚེ་རིང་གིས་ཁྲིད་པའི་གཞས་དེ་ལེན་བཞིན་འདུག་མོད། གཞས་གདངས་ལ་བྱང་མེད་པས་དོ་མཉམ་པོ་ཞིག་མ་འཁྱོངས།

དེ་དུས་སྔུན་དུ་འགྲོ་བའི་བཀྲ་ཤིས་ཀྱིས་དམ་བེ་ལྗང་གུ་ཞིག་རྩི་རྐང་ལ་ཐོགས་འདུག་པ་མཐོང་བས་དེ་ལག་ཏུ་བཟུང་། སློབ་གྲོགས་གཞན་དག་ཁོའི་མཐའ་རུ་རུབ་སྟེ་དམ་བེ་ལྗང་གུ་དེར་ལྟ།

3

བཀྲ་ཤིས་ཀྱིས་འཇིགས་མེད་ཁ་རྐོར་རི་འདབས་ཀྱི་གྱང་ར་དམའ་མོ་དེ་བསྟན་ནས“དམ་བེ་འདི་མ་གིའི་གྱང་སྟེང་དུ་བཞག་སྟེ་རྡོ་ཡིས་བརྒྱག །གལ་ཏེ་ངས་འཁེལ་སོང་ན་ཁྱོད་ཀྱིས་ངའི་དཔེ་ཁུག་ཁུར། གལ་ཏེ་ཁྱེད་ཀྱིས་འཁེལ་སོང་ན་ངས་ཁྱོད་ཀྱིས་དཔེ་ཁུག་ཁུར། ཁྱོད་ཀྱིས་རྒྱན་འཇོག་ཨེ་ཐུབ”ཟེར།

འཇིགས་མེད་ཁ་རྐོས“ངས་བལྟས་ན་ཁྱོད་ཀྱིས་ངའི་དཔེ་ཁུག་འཁུར་ན་འདོད་གི་ཀི”ཟེར།

བཀྲ་ཤིས་ཀྱིས་རྒྱབ་ཀྱི་དཔེ་ཁུག་ཐང་ལ་གཡུག་རྗེས་དམ་བེ་བཟུང་ནས་ས་གྱང་དམའ་མོའི་ཕྱོགས་སུ་ཕྱིན། ཁོས་དམ་བེ་གྱང་སྟེང་དུ་བསླངས་འཕྲལ་སྔར་མལ་དུ་བརྒྱུགས་ཡོང་།

འཇིགས་མེད་ཁ་རྐོས་ལྭ་བ་དང་དཔེ་ཁུག་ཐང་ལ་བཞག་ནས་རྡོ་བཙལ་ཞིང“འུ་གཉིས་ཀྱིས་སྔུན་ལ་སུས་བརྒྱག་རྒྱུ”ཟེར།

སྟོབས་ལྡན་སྣ་འབིགས་ཀྱིས་ཁོ་གཉིས་ལ་བལྟས་ནས“ཁྱོད་གཉིས་ཀྱིས་མཛུ་གུ་ཕོངས”ཟེར།

ཁོ་གཉིས་ཀྱིས་མཛུ་གུ་འཕེན་རེས་བྱས།

“ཁྱོད་ཕམ་ནི་མིན་ན་ཅི་ཡིན། ཁྱོད་ཕམ་ནི་མིན་ན་ཅི་ཡིན……”

“སུ་ཕམ་ད་རུང་མི་ཤེས་ཀི འདི། འདི། འདི……”

མཛུ་གུ་ཕར་འཕེན་ཚུར་འཕེན་ལན་འགའ་བྱས་རྗེས་བཀྲ་ཤིས་རྒྱལ་སོང་།

བཀྲ་ཤིས་ཀྱིས་དམིགས་འབེན་ལ་གཟས་གཟས་རྗེས་ཤུགས་ཀྱིས་འཕངས་པ་ན་རྡུལ་འཚུབ་བེར་སོང་། ཁོས“ཅུང་ཟད་མིན་ན་ཕོག་སོང་། སོར་གང་རེད་ཡ”ཟེར་བཞིན་གདོང་ལ་ཕངས་སེམས་ཤོར་བའི་ཉམས་ཤིག་མངོན་འདུག །

འཇིགས་མེད་ཁ་རྐོས“ཚང་མས་ལྟོས། ངས་ཇི་ལྟར་སིང་དི་རེ་གཏོང་བར་ལྟོས”ཟེར་བཞིན་ལྭ་བའི་པུ་དུང་དཔུང་རྩར་བརྫེས་ཙམ་བྱས་ཤིང་། དེ་ནས་ལག་གི་རྡོ་དེ་མིག་མདུན་དུ་ཕྱར་ནས་ཤུགས་ཀྱིས་འཕངས་པ་ན། རྡོ་སྔར་བཞིན་གྱང་ཁར་ཕོག་ནས་རྡུལ་འཚུབ་བེར་བུད་སོང་། “ཨ་ཡ་ཡ། སོར་ཕྱེད་ཙམ……སོར་ཕྱེད་ཙམ་མིན་རྒྱུ་ན་སིང་དི་རེ་བཏང་ཡོད་པ་ཁོ་ཐག་ཡིན།”འཇིགས་མེད་ཁ་རྐོས་དེ་ལྟར་བཤད་ཀྱིན་ངོ་གཉེར་གཉེར་བྱེད།

བྱིས་པ་གཞན་དག་གིས་ཀྱང་ཕངས་པའི་ཤུགས་རིང་འབྱིན།

ཁོ་གཉིས་ཀྱིས་མུ་མཐུད་དུ་རེས་བསྐོར་ནས་བརྒྱབ། ཡིན་ནའང་གཅིག་གིས་ཀྱང་མ་ཕོག

4

ཁོ་ཚོ་དང་བར་ཐག་མི་རིང་བའི་སར་བྱིས་པ་ཞིག་གིས་བ་མོ་ཁྲ་ཁྲ་ཞིག་ཁྲིད་འདུག་ལ། བ་མོས་མགོ་བོ་བསྒུར་ནས་རྩྭ་ཉག་ཐར་ཐོར་དུ་སྐྱེས་ཡོད་པ་དག་གོ་རིམ་ལྡན་པའི་ངང་འཐོག །བྱིས་པ་དེ་ནི་རྫི་བོ་ཆུང་ཆུང་རྡོ་རྗེ་རེད། ཁོས་ཡ་ཐོད་དུ་ལྷམ་མཐིལ་བརྡོལ་ཞིག་ཀེར་ནས་ལ་ངོས་ཀྱི་བྱིས་པ་ཚོར་ཅེར་འདུག ཡུད་ཙམ་གྱིས་ཁོས་ལྷམ་མར་བླངས་པ་ན། ཁོའི་མིག་ཟུང་དུ་ཡིད་སྨོན་ཀྱིས་ཁེངས་པའི་ཉམས་འགྱུར་ཞིག་འཁྱིལ་འདུག །

ཁོས་ཡང་བསྐྱར་ལྷམ་ཆད་དེ་མིག་ཁར་ཀེར་ནས་མཐིལ་གྱི་ཁུང་བུ་ལས་ལྟ་དུས། སྟོབས་ལྡན་སྣ་འབིགས་ཀྱིས“ངས་གཅིག་བརྒྱག”ཟེར་ཞོར་མིག་ཡ་གཅིག་བཙུམ་ནས་དམིགས་འབེན་ལ་གཟས་གཟས་རྗེས་ཤུགས་ཀྱིས་འཕངས་པ་དང་། ཁོ་རྐང་འདྲེད་ཤོར་ཏེ་གན་རྐྱལ་དུ་འགྱེལ་སོང་། ཁོས་འཕངས་པའི་རྡོ་གང་དུ་སོང་བ་སུ་ཡིས་ཤེས། ཚང་མས་དེར་ཁ་ཡ་མི་བྱེད་པར་སྟོབས་ལྡན་སྣ་འབིགས་གན་རྐྱལ་དུ་འགྱེལ་བ་དེར་ཧབ་ཆ་དིར་དིར་བྱེད།

“དམ་བེ་གཅོག་པ་ལས་རང་ཉིད་གཅོག་ན་ཁྲིགས་ཁྲིགས་མེད་ཀི།”

“ཧ་ཧ།”

“ཧ་ཧ་ཧ། ཧ་ཧ་ཧ…… ”

བཀྲ་ཤིས་བགད་ནས་རྒྱུ་མ་ཉོག་འདུག །

“ཧ་ཧ་ཧ། འོ་ཧོ་ཧོ…… ”

འཇིགས་མེད་ཁ་རྐོའི་དགོད་སྒྲའི་ཁྲོད་དུ་བཙན་དགོད་ཀྱི་ཆ་ཞིག་འདྲེས་འདུག །

ཕར་བལྟས་ཚེ། ས་གྱང་དམའ་མོ་དེ་ཁོ་ཚོ་དང་བར་ཐག་ལ་གོམ་པ་ཉི་ཤུ་ཙམ་ལས་མེད་ཅིང་། གྱང་ཁར་བསླངས་པའི་སྦི་རག་གི་དམ་བེ་ལྗང་གུ་དེས “ཁྱོད་ཚོ་ངར་བ་ཡིན་ན་ཤོག་ཡ”ཟེར་བ་དང་འདྲ་བར་ཅི་མི་སྙམ་པར་མགོ་བོ་ཕྱི་ལ་དགྱེ་ནས་ཁ་མལ་དུ་འགྱིང་འདུག །མིག་གི་ལྟ་ཕྱོགས་ཤིག་གིས་དམ་བེའི་སྟེང་ནས་ཉི་འོད་ལྡོག་ཏུ་འཕྲོས་ཏེ་འོད་འཚེར་འཚེར་བྱེད་པས། དེས་ཉི་འོད་འོག་གི་དམ་བེ་ལྗང་གུར་བརྗིད་ཉམས་ཤིག་བསྣན་འདུག །

སྟོབས་ལྡན་སྣ་འབིགས་སྐྱ་ཐོ་ཐོར་ཡར་ལངས་ཏེ་ཁོའི་མཐའ་རུ་རུབ་ནས་ཧབ་ཆ་བྱེད་པའི་མིག་ཟུང་མང་པོར་གཡོལ་ཅི་ཐུབ་བྱེད། ཁོ་ནི་ཁ་སྐྱེངས་ཏེ་ངོ་ཡང་དམར་པོར་གྱུར་འདུག །ཁོས་ཁ་མི་གྲགས་པར་དཔེ་ཁུག་ཁུར་ནས་སྔོན་དུ་སོང་བ་ན། བཀྲ་ཤིས་སོགས་ཀྱང་མུ་མཐུད་དུ་རྩེད་མོར་གཡེང་བའི་འདུན་པ་ཉམས་པས་སྔ་གཞུག་བྱས་ཏེ་ལ་ངོར་འགོས་མགོ་བརྩམས།

གྱང་ཁར་བསླངས་པའི་དམ་བེ་ལྗང་གུ་དེ་ཁེར་རྐྱང་དུ་ལུས།

5

རྡོ་རྗེ་ཡིས་ལྷམ་ཆད་ཀྱི་ཁུང་བུ་ལས་བྱིས་པ་དག་མིག་སྐྱེལ་བྱས་ནས་མཐོང་ལམ་དུ་ཡལ་རྗེས། མཐོང་སྣེ་བརྗེས་ཏེ་འོད་ཀྲིག་ཀྲིག་བྱེད་པའི་དམ་བེ་ལྗང་གུ་དེར་ཅེར། བ་མོ་ཁྲ་ཁྲ་དེས་ཁོའི་གམ་དུ་སྔར་བཞིན་རྩྭ་ཉག་ཐར་ཐོར་དུ་སྐྱེས་པ་དག་འཐོག་གིན་འདུག་ལ། ཁོར་ཡུག་ཀུན་ཏུ་བ་མོས་རྩྭ“སག་སག”ཏུ་འཐོག་པའི་སྒྲ་ལས་ཅི་ཡང་གྲག་རྒྱུ་མེད།

བྱིས་པ་དག་མཐོང་ལམ་ནས་ཡལ་བ་དེས་རྡོ་རྗེ་ཁོམ་དུ་བཅུག་སོང་།

རྡོ་རྗེ་ལ་མིག་མདུན་དུ་འགུལ་མེད་དུ་སྡོད་པའི་ཐང་སྟོང་ལས་གཞན་ལྟ་ས་ཅི་ཡང་མེད་པས། ལྷམ་ཆད་རྐང་མགོར་གོན་རྗེས་རི་ངོས་སུ་གན་རྐྱལ་དུ་ལོག་ནས་བསྡད། མཁའ་མཐའི་མཚམས་སུ་སྤྲིན་པ་བ་མོ་འདྲ་ཞིག་ལྡང་འོངས། ཁོ་སྤྲིན་པའི་འགྱུ་ཕྱོགས་ལ་གཡེང་ནས་སྡོད་དུས་སྤྲིན་པ་བ་མོ་འདྲ་བ་དེའི་ལོགས་སུ་སྤྲིན་པ་མི་དང་འདྲ་བ་ཞིག་ཀྱང་འགྲེངས་འདུག་པ་མཐོང་། ཁོས་བལྟས་ཀྱིན་བལྟས་ཀྱིན་སྤྲིན་པ་མི་དང་འདྲ་བ་དེ་ནི་རང་ཉིད་དང་འདྲ་ཨང་སྙམ་བྱུང་།

ནམ་མཁའ་ཧྲིལ་པོར། སྤྲིན་པ་བ་མོ་འདྲ་བ་དེ་དང་མི་ཞིག་དང་འདྲ་བ་དེ་གཉིས་ཁེར་རྐྱང་ངང་རྒྱུ།

རྡོ་རྗེ་ཡིས་དེ་ལྟར་བལྟས་སྡོད་དུས་ཉི་མས་མིག་ལ་གཙེས་འོངས་པས། ཁོས་མིག་ཟུང་ཟུམ་བྱུང་།

རྡོ་རྗེ་ཡིས་གློ་བུར་ཅི་ཞིག་དྲན་པ་ལྟར་ཡར་ལངས། ཁོས་ཐང་ནས་རྡོ་ཞིག་བཏུས་ཤིང་དམ་བེ་ལྗང་གུར་གཟས་ཏེ་ཤུགས་ཀྱིས་འཕངས་པ་ན། ལ་འདབས་ཀྱི་གྱང་ཁར་བསླངས་པའི་དམ་བེ་ལྗང་གུ་དེ་སིང་དི་རེ་ཆག་སོང་།

རྡོ་རྗེ་ཡིས་དམ་བེ་ཆག་པའི་སིང་སྒྲ་ཆུ་ཡི་ལྦུ་བ་བཞིན་ཕྱི་དྲོའི་ཉི་འོད་འོག་ཕྱོགས་བཞིར་ཆོལ་ནས་འགྲོ་བ་མཐོང་འོངས།

6

རྡོ་རྗེ་ཡིས་རྒྱང་རིང་གི་རི་བོ་མཐོན་པོ་དག་གི་རྩེ་མོར་ཅེར་ནས་འགུལ་མེད་དུ་སྡོད།

དེ་དུས་བ་མོ་ཁྲ་ཁྲ་ཡང་གསུས་པ་འགྲངས་ཟིན་པ་འདྲ་སྟེ། བ་མོ་ཁྲ་ཁྲ་ཡིས་རྡོ་རྗེ་ལ་ལད་མོ་བྱེད་པ་བཞིན་ཁོའི་གམ་དུ་འགྲེངས་ནས་སྐྱུག་ལྡད་བྱེད་ཀྱིན་རྒྱང་རིང་གི་གང་ཞིག་ཏུ་ཅེར་འདུག །

རྡོ་རྗེ་ཡི་མིག་ཀོང་དུ་མཆི་མ་གོ་རོ་རོ་འཁྱིལ་བྱུང་། 


རྩོམ་ཡིག་སྔོན་མ།
ལོ་བརྒྱའི་གཟི་འོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1