མཐའ་དང་ཟད་དུ་མེད་པའི་བུད་མེད་ཀྱི་སྐྱོ་གདུང་ཕྲ་མོ། ——སྤུན་ཆུང་མ་ཞིག་གི་སེམས་གཞས་ཕྲ་མོ་ཡི་ཕྲན་བཤད།

བདུད་ལྷ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


གཅིག

སྙན་རྩོམ་འདིའི་ནང་མི་སྣ་གཉིས་བྱུང་ཡོད་དེ། གཅིག་ནི"སྤུན་ཆུང་མ"དང་། ཅིག་ཤོས་ནི"ང"རེད། སྤུན་ཆུང་མ་ནི་ཡོད་ཚད་གཞན་དབང་དུ་གྱུར་བ་ཞིག་དང་། སེམས་གཞས་ཕྲ་མོ་རི་ལུང་དང་རྫ་ལུང་ན་ལྷགས་རླུང་གིས་འགམས་བཞིན་པ་ཞིག་རེད། སྤུན་ཆུང་མའི་གནས་བབས་འདི་དང་འདི་ལས་བྱུང་བའི་སྨྲེ་ངག་དང་འོ་དོད་ཀྱིས་མི་སྣ"ང"རང་མི་ཁས་རྫབ་པའི་ལམ་ཕྲན་ཞིག་ལ་འགྲོ་དགོས་བྱུང་ལ། འཐོབ་ཆོག་པ་མང་བོ་ཞིག་རྒྱབ་ཏུ་བསྐྱུར་ནས་སྐྱོ་གདུང་གི་ལམ་བུ་ཞིག་བདམས་ནས་རྒྱང་བཞུད་བྱ་དགོས་བྱུང་། འདི་ལས་མི་སྣ་གཉིས་ཀར་མི་འདྲ་ས་ཞིག་ཡོད་པ་ཐོག་མར་མཐོང་བྱུང་བ་ནི། གཅིག་ནི་སྐྱབས་དང་ཅིག་ཤོས་ནི་བསྐྱབ་བྱ་ཡིན་པ་དེ་རེད། སྐྱབས་དེས་བསྐྱབ་བྱ་ལ་ཐོག་མར་སྤོབས་པས་མགོ་བོ་ཡར་ལ་དགྱེས་པ་དང་། མིག་ཆུ་ལས་ལྷག་པ་སྙིང་ཁོང་ན་འབར་བའི་ཁྲག་རྒྱུན་ཡིན་པ་དང་། རྨི་ལམ་ཟླུམ་པོ་ཞིག་རྨི་ཆོག་ཆོག་ཡིན་པར་གདམས་ཤིང་བསྐུལ་བར་བྱས་ཡོད། ཡིན་ན་ཡང་། མཐར་ཐུག་སྐྱབས་དང་བསྐྱབ་བྱ་གཉིས་ཀ་མཚུངས་སྟེ། མགོ་བོ་ཡར་ལ་དགྱེས་པར་བསྐུལ་བའི་འབོད་པ་དྲག་པོ་སྒྲོག་པའི་དུས་མཚུངས་སུ་སྐྱབས་རང་ཉིད་ཀྱང་འབོད་པ་དྲག་པོ་དེས་སུ་གང་ཞིག་ལ་ཁྲེལ་དགོད་བསླངས་ཨེ་འགྲོ་ཡི་སེམས་ཚེགས་ཆེ། རང་ཉིད་རང་ལ་ཡིད་མི་ཆེས་ཤིང་། རང་གི་འབོད་པ་ལ་རང་ཉིད་ལའང་གདེང་ཚོད་མེད། དེ་བཞིན་དུ་སྤུན་ཆུང་མས་ཕ་བོང་གི་བཀག་སྡོམ་བཙན་པོའི་འོག་ནས་ཇི་སྲིད་དུ་ལུག་ཁྱུའི་འབའ་སྒྲར་ཉན་དགོས་པའི་ལས་དབང་ངན་པ་མྱོང་དགོས་བྱུང་། དེའི་ཕྱིར་ན"ངས"་སྐྱབས་ཀྱི་ཚུལ་བཟུང་ནས་བསྐུལ་མ་དང་འབོད་པ་བྱས་པ་ཡིན་ཡང་། མཐར"ང"རང་ཉིད་ནང་དུ་ཐེ་བའི"ང་ཚོ་ནམ་ཡང་མི་རུ་འགྱུར་མི་སྲིད"བར་འདོད། ད་དུང་བསྐྱབ་བྱ་སྤུན་ཆུང་མ་ཁྱོད་ཀྱི་ལས་དབང་ལ"ངས"འགྲེལ་ལུགས་གཞན་ཞིག་མི་རྙེད་པ་མ་ཟད། བདག་གི་ལས་དབང་ལའང་འགྲེལ་ལུགས་གཞན་ཞིག་མི་རྙེད་པས། མཇུག་མཐར་སྙན་ངག་པ་རང་གི་སྨྱུ་གུ་ལའང་ཡིད་ཆེས་བྲལ་ཏེ"ངའི་སྨྱུ་གུ་འདིས་ཅི་ཞིག་འབྲི་ནུས"ཟེར།

སྙན་རྩོམ་འདིའི་ནང་སྤྱིར་སེམས་གསོ་དང་བསྐུལ་མ་ཡོད་ལ། སྨྲེ་ངག་དང་སྡུག་ཡུས་ཀྱང་ཡོད། ཡིན་ཡང་སེམས་གསོ་དང་བསྐུལ་མ་དེ་ཅི་འདྲའི་ཉམ་ཆུང་བ་ཞིག་ཨང་། དེ་ནི་རང་ཉིད་རང་ལ་ཡིད་ཆེས་བྲལ་བའི་འབོད་པ་ཞིག་རེད། དེ་བཞིན་སྙན་རྩོམ་ནང་སྐྱབས་དང་བསྐྱབ་བྱའི་མི་སྣ་གཉིས་ཡོད་ཀྱང་། མཐར་ཐུག་ན་སྐྱབས་རང་ཉིད་ཀྱང་རང་མགོ་ཐོན་པའི་སྐྱབས་འོས་ཞིག་མ་རེད། དེས་ཐ་ན་རང་གི་ལས་དབང་ལའང་འགྲེལ་ལུགས་གཞན་ཞིག་རྙེད་མེད། བུ་མོ་གཞན་གང་རུང་ཞིག་གི་སྐྱོ་སྡུག་གི་གནས་བབས་ལས་བརྩམས་ཏེ། བུད་མེད་བསམ་ཤེས་སམ་ཤེས་ཡོན་པ་ཞིག་གིས་སེམས་གསོའི་ཚིག་འགའ་བཤད་འདོད་ཀྱང་། མཐར་སེམས་གསོའི་སྐད་ཆ་དེ་དེ་འདྲའི་འཁོས་ཞན་ནུས་མེད་ཅིག་ཏུ་འདུག །འདི་ནི་བུད་མེད་ཀྱི་ལས་དབང་ལ་སྤྱི་ཚོགས་དང་རིག་གནས་ཀྱི་ཁོར་ཡུག་ཆེ་ས་ནས་རང་དབང་མ་བྱིན་པའི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཞིག་དང་། རྩོམ་པ་པོས་བོད་རིགས་བུད་མེད་ཀྱི་སྐྱོ་གདུག་གི་ལས་དབང་ལ་བསམ་པའི་ངོས་འཛིན་ཞིག་རེད། ངོས་འཛིན་འདིའི་ནང་དོན་ལ་བོད་རིགས་བུད་མེད་དག་རང་དབང་དང་འདྲ་མཉམ་གྱི་ལམ་ཆེན་དུ་བསྐྱོད་པར་ད་དུང་བཤུལ་ལམ་རིང་པོ་ཞིག་བརྒྱུད་དགོས་པའི་དོན་ཡོད་པས། སྙན་ངག་རྩོམ་པ་པོ་ཡང་མཐའ་གཅིག་ཏུ་འཆར་ཡན་དང་དབུགས་དབྱུང་གི་དབང་དུ་གྱུར་མེད་ལ། མཐའ་གཅིག་ཏུ་བློ་ཕམ་དང་ཡང་ན་འབོད་སྒྲོག་གི་དབང་དུའང་གྱུར་མེད་པར། སྙན་ངག་རང་ཉིད་དངོས་ཡོད་ལ་ཉེ་བར་བཅར་བའི་བོད་རིགས་བུད་མེད་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཞིག་གི་སེམས་ཁོང་གི་སྡུག་ཡུས་སུ་གྱུར་ཏེ་ཡོད། དེ་ལྟར་སྙན་ངག་རང་ལ་དངོས་ཡོད་ཀྱི་མཛེས་པ་དང་། རྙོག་འཛིང་གི་མཛེས་པ་ཡོད་ལ། དེའི་སྒོ་ནས་གཏིང་ཟབ་ཀྱི་མཛེས་པ་ཞིག་ཤར་ཏེ་ཡོད།

གཉིས།

ཉེ་བའི་ལོ་འགའི་རིང་བོད་རིགས་བུད་མེད་རེ་གཉིས་ཀྱིས་བུད་མེད་ཀྱི་ལས་དབང་གི་སྐོར་ནས་སྐད་རྒྱག་བཞིན་པ་ང་ཚོས་མཚམས་དང་མཚམས་སུ་ཐོས་ཐུབ། དེའི་ཡ་ལན་ནི་གཅིག་མཚུངས་ཤིག་མིན་པར། ལ་ལས་གོ་ལོན་བྱེད་ལ། ལ་ལས་རྒྱབ་སྐྱོར་བྱེད། ལ་ལས་ངོ་རྒོལ་བྱེད། འདིའི་ཐད་ནས་སྐྱེས་པས་ངོ་རྒོལ་དང་བུད་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་ལྟ་བུའི་ཕོ་མོའི་ཕྱོགས་གཉིས་སུ་གྱེས་པ་ཞིག་ཀྱང་མ་རེད། སྤྱིར་ན་ང་ཚོས་བུད་མེད་རེ་གཉིས་པ་དེས་སྐད་ཅི་ལྟར་རྒྱག་པ་གསལ་བོར་རྟོགས་མེད་ལ། སྐད་རྒྱག་ཚུལ་དེ་ཡང་རིག་གཞུང་གི་ཞིབ་ཆ་ཡོད་པའི་སྟེང་གི་རྟོག་འཇུག་ཅིག་ཀྱང་མིན་པར། རང་རང་གི་ལངས་ཕྱོགས་མཚོན་པ་ཞིག་དང་། འབོད་པ་གཏོང་བ་ཞིག་ཡིན་པས། གཞན་ཕྱོགས་ཀྱིས་ཕྱིའི་རྣམ་པ་ཞིག་ལ་བལྟས་ནས་རང་གི་རྣམ་རྟོག་གི་རྒྱ་བསྐྱེད་དེ་འགྲིག་མིན་འགབ་མིན་གྱི་ལབ་གླེང་ཅི་རིགས་བྱེད་བཞིན་འདུག་སྙམ་པའི་ཚོར་སྣང་ཞིག་བདག་ལ་འབྱུང་།

དུས་རབས་ཉི་ཤུ་པའི་ནང་ནས་བོད་ཀྱི་རིག་གནས་ཀྱི་གནས་སྟངས་ལ་འགྱུར་ལྡོག་བྱུང་ནས། དངོས་ཡོད་ལ་ཉེ་བར་བཏུད་པ་ལས་དངོས་ཡོད་སྤྱི་ཚོགས་འཚོ་བ་ལ་ང་ཚོས་ཐོག་མར་རྟོག་འཇུག་བྱས་པ་ལས། སྤྱི་ཚོགས་ཀྱི་གནད་དོན་མང་བོ་ཞིག་ང་ཚོས་བཏོན་ཞིང་དེ་ལ་རང་བློས་ལྕོགས་ཚོད་ཀྱིས་ཁ་གཏད་གཅོག་པའི་མགོ་བརྩམས། སྤྱི་ཚོགས་གནད་དོན་གྱི་ཆ་ནས་བཤད་ན་བུད་མེད་ཀྱི་ལས་དབང་དང་བདེ་སྡུག་ལ་ང་ཚོས་རྟོག་འཇུག་བྱེད་ཆོག་ཆོག་རེད། བུད་མེད་ཀྱི་ལྟ་ཚུལ་ངོས་ནས་བཤད་ན་བོད་ཀྱི་རིག་གནས་དེ་མ་གཞི་ནས་ཕོ་དབང་རིང་ལུགས་ཀྱི་གཏམ་སྦྱོར་ཞིག་ཡིན་པ་བསྙོན་དུ་མེད། རིག་གནས་བསྟན་བཅོས་ཀྱི་ཁྲོད་ནས་ང་ཚོས་བུད་མེད་གོང་དུ་བཀུར་བའི་སྐད་ཆ་ཕྲན་ཚེགས་རྙེད་མི་དཀའ་ཡང་། ཧྲིལ་གྱིས་བའི་སྒོ་ནས་བལྟས་ན་དང་སྒོས་སུ་དགའ་སྟོན་ལྟ་བུའི་མང་བོ་ཚོགས་སའི་ཁྲོད(འདུ་ཤེས་གསལ་བོ)ནས་བལྟས་ན་འདྲ་མཉམ་མིན་པའི་སྣང་ཚུལ་མཐོང་མི་དཀའ། འདི་འདྲའི་རྒྱབ་ལྗོངས་ཀྱི་འོག་ནས་དུས་རབས་གསར་བའི་ནང་དུ་སྤུན་ཆུང་མ་དག་གི་སེམས་གཞས་ཕྲ་མོ་ལ་ང་ཚོ་ཀུན་གྱིས་རྣ་བ་གཡར་ན་འགྲིག་ལ། རིག་གནས་གསར་བའི་མ་ལག་འཛུགས་སྐྲུན་གྱི་ཁྲོད་དུ་སྤུན་ཆུང་མའི་བདེ་སྡུག་ང་ཚོའི་བློ་འོག་ཏུ་ཚུད་དགོས།

ཡིན་ན་ཡང་། སུ་དང་གང་ཡང་གཡོལ་དུ་མེད་པ་ཞིག་ཡོད་པ་དུས་ཀྱི་འགྱུར་བ་དང་བསྟུན་ནས། བོད་སྤྱི་ཚོགས་ཁྲོད་བོད་རིགས་བུད་མེད་ཀྱི་གོ་ས་ལའང་འགྱུར་བ་བྱུང་དང་འབྱུང་བཞིན་པ་དེ་རེད། རགས་པ་སྤྱི་ཡི་རྣམ་གཞག་ཅིག་བཤད་ན་གོ་ས་ཡར་འཕེལ་བཞིན་པ་ལས་མར་འགྲིབ་བཞིན་པ་མ་རེད། གོང་གི་སྐད་ཆ་དང་བསྟུན་དེ་བཤད་ན། ཚོགས་པའི་རིག་གནས་ཀྱི་ཁྲོད་དུ་བུད་མེད་ཀྱི་གོ་ས་སྔར་བཞིན་སྡུག་པོར་ཡོད་ཀྱང་། ལ་ཡོག་དང་སྒེར་རམ་ཁྱིམ་གྱི་འཚོ་བའི་ཁྲོད་ཀྱི་བུད་མེད་ཀྱི་གོ་ས་ལ་ཡར་བསྐྱེད་འབྱུང་བཞིན་ཡོད། འདི་ནི་ང་རང་ཉིད་ཀྱི་ལྟ་ཚུལ་ཙམ་རེད། འདི་ལ་འཐད་མིན་ཅི་རིགས་ཡོད་པ་བདག་གིས་ཀྱང་ཤེས། ངས་བསམ་ན་བུད་མེད་ལ་སྤྱི་ཚོགས་གོ་ས་ཡོད་མེད་རྩོད་རྒྱུ་གཙོ་བོ་མ་རེད། འདི་དམིགས་ཡུལ་མ་རེད།(འདི་རྩོད་ན་རིག་གཞུང་གི་སྟེང་ནས་རྩད་ནས་འགྲིག་པ་ལས་འབོལ་རྩོམ་ཐན་ཐུན་ཞིག་གིས་དཔྱད་པའི་མཐའ་ཆོད་དཀའ་སྙམ) གལ་ཆེ་བ་ནི་དངོས་ཡོད་སྤྱི་ཚོགས་ལ་ལྟ་ཞིབ་ཞིབ་ཚགས་བྱས་ཏེ། མོ་མགོ་ཇེ་མཐོར་འགྲོ་བ་དང་བསྟུན་ནས་བུད་མེད་ཀྱི་བྱང་ཚད་ཇེ་མཐོར་འགྲོ་རྒྱུ་དང་། དེ་བཞིན་དུ་བོད་སྤྱི་ཚོགས་ཀྱི་ཁྲོད་ན་ད་དུང་དངོས་སུ་ནས"ཕ་བོང"གི་བཀག་སྡོམ་ཡོད་པ་ལ་ཁས་ལེན་བྱས་པའི་སྟེང་ནས་ཕན་ཚུན་ལ་གོ་ལོན་བྱ་བ་དང་དཀྱེལ་ཡངས་སྒོམ་པ་གཙོ་བོ་རེད་སྙམ། སྔ་མ་ནི་བུད་མེད་ལ་བཏོན་པའི་རེ་བ་ཡིན་ཏེ། བུད་མེད་རང་གི་བྱང་ཚད་ལ་མཐོར་འདེགས་མ་བྱུང་ན་རང་ཉིད་རང་སྣང་གར་ཤར་ཅན་ཞིག་ཏུ་འགྲོ་ལོས་ཆེ། འདིའི་ཆ་ནས་གཏམ་རྒྱུད་སྐྱོ་བོ་བོད་ཡུལ་དུ་བྱུང་དང་འབྱུང་བཞིན་པ་ང་ཚོས་ནམ་རྒྱུན་ཐོས་ཐུབ། ཕྱི་མ་ནི་སྐྱེས་པ་ལ་བཏོན་པའི་རེ་བ་རེད་དེ། བཟའ་ཟླ་ཁྱོ་ཤུག་གཉིས་ཀ་སྐྱིད་ཀྱི་རྟ་བོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་པ་རྩ་དོན་དུ་གྲུབ་པ་ཞིག་ཡིན་པའི་ངོས་ནས་ལག་ལས་ཀའི་ཐད་ནས་ཕོ་ཁྱོ་ག་ཞིག་གིས་ཡར་སྔོན་གྱི་ཕོ་ལས་མོ་ལས་ཀྱི་ཁྱད་པར་ཤིན་ཏུ་གསལ་བ་དེ་འདྲ་མ་བྱས་ན་ཨེ་ཆོག །སྤྱིར་བུད་མེད་ཀྱི་གནད་དོན་ཐད་ནས་ང་རང་རྩོད་ཅེས་པའི་ཐ་སྙད་ལས་གོ་ལོན་རྒྱུས་ལོན་ཞེས་པའི་ཐ་སྙད་ལས་མོས། དེ་བས་འཆི་མེད་ཀྱི《 སྤུན་ཆུང་མ་ཞིག་གི་སེམས་གཞས་ཕྲ་མོ།》འདི་ངས་བསམ་ན་བདེན་དོན་གྱིས་ཕྱུག་པའི་སེམས་གཞས་ཕྲ་མོ་ཞིག་དང་། བོད་རིགས་བུད་མེད་མང་རབ་ཅིག་གི་སྡུག་ཡུས་རེད་སྙམ། སེམས་གཞས་ཕྲ་མོ་འདི་ཐམས་ཅད་ཀྱི་སྙན་དུ་བསྒྲོན་དུས་ཁྱོད་ལ་ཁྲེལ་དགོད་བསླངས་ཨེ་འགྲོ་ཡི་དོགས་པ་ཡོད་ཀྱང་། རིག་གནས་གསར་བའི་འཛུགས་བསྐྲུན་གྱི་བཟོ་འགོད་ཇེ་འཛོམས་སུ་འགྲོ་བ་དང་བསྟུན་ནས་སྐྱེས་པ་རྣམས་ཀྱིས་གོ་ལོན་བྱེད་ངེས་ལ། བྱེད་དགོས་པའང་ཡིན།

ཟུར་བཀོད།

སྤུན་ཆུང་མ་ཞིག་གི་སེམས་གཞས་ཕྲ་མོ།

འཆི་མེད།

ཀྱག་ཀྱོག་དང་མི་ཁས་རྫབ་པའི་ལམ་ཕྲན་ཞིག་དེད་ནས་ང་རང་འགྲོ་དགོས་བྱུང་།

སྤྱིར་ན། དབུལ་ཕོངས་དང་སྐྱོ་གདུང་གི་ལམ་བུ་འདིར།

རང་དགར་མོས་པ་མིན་ཡང་།

བསམ་གཞིགས་ཀྱི་ཕ་རོལ་ནས་ཁོ་མོའི་སྨྲེ་ངག་དང་འོ་དོད་ཡང་ཡང་ཚོར་བས།

ངས་འདི་ལྟར། འཐོབ་ཆོག་པ་མང་བོ་རྒྱབ་ཏུ་བསྐྱུར་ནས།

རྒྱང་བཞུད་མི་བྱ་ག་མེད་བྱུང་།

སེམས་གཞས་ཕྲ་མོ་རི་ལུང་རྫ་ལུང་ན་ལྷགས་རླུང་གིས་བགམས་ཤིང་།

རེ་བའི་རྟོག་འཆར་ཡོད་ཚད་གཞན་དབང་དུ་གྱུར་པའི་སྤུན་ཆུང་མ།

ཁྲོ་གཉེར་ཐོད་ལ་བསྡུས་པའི་ཕ་བོང་དེའི་བཀག་སྡོམ་བཙན་པོའི་འོག་ཏུ།

ཁྱོད་ཀྱིས་ཇི་སྲིད་དུ་ལུག་ཁྱིའི་འབའ་སྒྲར་ཉན་པ་ལས།

ཉམ་ཆུང་བའི་ཞུ་བ་ཕུལ་ཀྱང་ང་ཚོ་ནམ་ཡང" མི"རུ་འགྱུར་མི་སྲིད།

སྤོབས་པས་མགོ་བོ་ཡར་ལ་དགྱེས་དང་།

ཡོད་ཚད་ལས་སྐལ་ལ་རློམ་དོན་མེད་དེ།

མིག་ཆུ་ལས་ལྷག་པའི་ཁྱད་ཆོས་ཡོད་པ་ནི།

རྙིང་ཁོང་ན་འབར་བའི་ཁྲག་རྒྱུན་ཡིན་པས།

དྲག་ཏུ་ལྡིང་བའི་སེམས་པར་ངེས་ཤེས་དང་ཡིད་ཆེས་ཆོངས་དང་།

ང་ཚོས་ཀྱང་རྨི་ལམ་ཟླུམ་པོ་ཞིག་རྨི་ཆོག་ཆོག་ཡིན།

ངས་དེ་ལྟར། སེམས་ཁོང་གི་འབོད་པ་དྲག་པོ་ཁྱོད་དང་ཁོ་མོ།

ད་དུང་ཐམས་ཅད་ཀྱི་སྙན་དུ་བསྒྲོན་ན་བསམ།

ཡིན་ནའང་སྤུན་ཆུང་མ། ངས་སུ་ཞིག་ལ་ཁྲེལ་དགོད་བསླངས་ཨེ་འགྲོ །

ཟླ་ངོགས་ན་སུན་སྐྱོས་འཚོ་ཞིང་རེ་སྒུག་གི་མིག་ཟུང་།

རྒྱང་རིང་དུ་གཏད་པའི་སྤུན་ཆུང་མ།

ཁྱོད་རང་རྣར་གཟན་པའི་ངག་རྒྱུན་གྱིས་ཕྱུག་ཅིང་རླབས་ཆེ་བའི་

ཐ་སྙད་ཀྱིས་དབུལ་བའང་གཏན་ནས་མིན།

གང་ལྟར། ངས་ཀྱང་ཁྱོད་ལ་སྡོམ་ཚིག་འོས་འཚམ་ཞིག་བཀོད་ན་ཅི་སྐྱོན།

ཁྱོད་ནི་མེ་ཏོག་ཅིག་སྟེ། སྙན་ངག་མཁན་པོའི་སེམས་གཏིང་ནས།

འཁྲུངས་ཤིང་སྨྱུག་རྩེ་ན་འཛུམ་པའི་མེ་ཏོག་ཅིག་ལགས།

ང་རང་ནམ་རྒྱུན་གཙང་འགྲམ་ནས་ཟླ་བ་དང་ཁ་གཏད་དུ་འགྲེང་ཐེངས་རེར།

ཁྱོད་དང་བདག་གི་ལས་དབང་ལ་འགྲེལ་ལུགས་གཞན་ཞིག་མ་རྙེད་ཀྱང་།

ཡིད་ཆེས་དང་རྒྱུས་ལོན་འཐོབ་ཕྱིར་རེ་བའི་རྒྱུན་ཐག་རིང་དུ་བརྐྱངས།

ཡིན་ནའང་། ངའི་སྨྱུག་གུ་འདིས་ཅི་ཞིག་འབྲི་ཐུབ་ནུས།

སེམས་པ་འདི་སྔར་བཞིན་སྡུག་གིས་གཙེས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1