ལོ་ཆེན་རིན་ཆེན་བཟང་པོས་བོད་ཡིག་ཡིག་བསྒྱུར་ལ་བཞག་པའི་མཛད་རྗེས་རགས་དཔྱད།
ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29
ས་ཁུལ་ཞིག་གམ་མི་རིགས་ཤིག་ལ་ཆ་མཚོན་ན། ལོ་ཙཱ་ནི་རིག་གནས་ཕན་ཚུན་གཅིག་ཏུ་སྦྲེལ་བྱེད་ཀྱི་གསེར་ཟམ་ལྟ་བུ་ཞིག་ཡིན་ལ། ལོ་ཙཱའི་བྱ་བཞག་བརྒྱུད་ནས་སྤྱི་ཚོགས་ལའང་ཤུགས་རྐྱེན་གང་མང་ཐེབས་བཞིན་ཡོད་དེ། བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་གྲགས་ཅན་རིན་ཆེན་བཟང་པོས་ལོ་ཙཱ་གནང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཕྱིར་མིག་བལྟས་ཚེ། ཁོང་གིས་རྒྱུད་སྡེ་སྒྲ་བསྒྱུར་གྱི་བྱ་བའི་འཇུག་ངོགས་ལ་བསྟན་གནང་བའི་ཐབས་ཀྱི་སྙིང་པོ་དང་ཡིག་བསྒྱུར་གཞུང་ལུགས་ཀྱིས་བོད་ཀྱི་ཡིག་བསྒྱུར་བྱ་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ད་དུང་བོད་མི་རིགས་དང་ལོ་ཙཱ་བའི་སེམས་ཁམས་ཐད། བརྡ་སྤྲོད་དང་རྩོམ་རིག །ལོ་ཙཱའི་སྤུས་ཚད་བཅས་ཀྱི་ཐད་ལ་ཤུགས་རྐྱེན་བགྲང་གིས་མི་ལང་བ་ཐེབས་ཡོད།
དང་པོ། རྒྱུད་སྡེ་སྒྲ་བསྒྱུར་དང་ཡིག་བསྒྱུར་གཞུང་ལུགས་ཐད་ཀྱི་མཛད་རྗེས།
ལོ་ཆེན་རིན་ཆེན་བཟང་པོ་མཆོག་གིས་རྒྱུད་སྡེ་སྒྲ་བསྒྱུར་གྱི་བྱ་བའི་འཇུག་ངོགས་ལ་བསྟན་པའི་ཐབས་ཀྱི་སྙིང་པོ་སྟེ་ཟབ་མོ་གཟུངས་སྔགས་ཀྱི་གོ་དོན་འཁྱོགས་བཤད་དང་། བློ་བཟོའི་ཚིག་གིས་བསླད་བཅུག་པ། བརྡ་དང་ཐ་སྙད་གང་བྱུང་དུ་སྦྱོར་བ་བཅས་ནི་རང་གཞན་ཕུང་བའི་རྒྱུ་ཡིན་པས་ཡེ་ནས་སྤོངས་དགོས་སོ་ཞེས་དང་། གསང་སྔགས་རྒྱུད་དང་སྔགས་ཀྱི་ཚིག་ཐུ་བས་རང་དགར་བསྒྱུར་དུ་མི་རུང་བ་དང་། བསྒྱུར་ཀྱང་རང་གིས་གོ་བས་མ་བཅད་པར་བླ་མ་དང་སློབ་དཔོན་ལ་བསྟེན་དགོས་པ་གལ་ཆེ། སྔགས་ཀྱི་སྦས་དོན་གསལ་པོ་མ་ཆོད་པ་དང་ལྡེམ་དགོངས་གསལ་པོ་མི་རྟོགས་པར་དྲངས་ཐད་དུ་སྤྱོད་པར་མི་རིགས། རྒྱུད་སྡེའི་དགོངས་དོན་གོ་བ་མི་ལོན་པ་དང་ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་བར་སྒྲ་ཇི་བཞིན་ཚད་མར་འཛིན་པ་དེ་བས་མི་རུང་ཞེས་གསུངས། གོང་གསལ་ལོ་ཆེན་རིན་ཆེན་བཟང་པོ་མཆོག་གིས་ལོ་ཙཱའི་བྱ་བའི་འཇུག་ལྡོག་ལ་སྨན་པའི་གསུངས་མཆོག་དེ་རྣམས་ནི《སྒྲ་སྦྱོར་བམ་གཉིས་》གཞུང་གི་དགོངས་པ་དང་ཡོངས་སུ་མཐུན་པ་མ་ཚད། སྐབས་བསྟུན་གསང་སྔགས་གསར་འགྱུར་གྱི་གནས་དང་འཚམ་པའི་ལོ་ཙཱའི་རིགས་ལམ་དཔྱོད་ལུགས་ཀྱི་གསལ་ཁ་གཏོད་པས་ན། བོད་ཀྱི་སྒྲ་བསྒྱུར་གཞུང་ལུགས་འཐུས་ཚང་གོང་སྤེལ་དུ་བཏང་བའི་མངོན་གསུམ་མཚོན་རྟགས་ཤིག་ཡིན་ཞེས《ལོ་ཙཱའི་དཔྱད་བརྗོད་གཞུང་ལུགས་དང་ལག་ལེན》ཞེས་བྱ་བ་དང་།《བོད་ཀྱི་ལོ་ཙཱའི་རིག་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》ཞེས་པ་སོགས་དེབ་མང་པོ་ཞིག་གི་ནང་གཅིག་མཐུན་དུ་འཁོད་འདུག །ད་དུང་ལོ་ཆེན་མཆོག་གིས་སྔར་བསྒྱུར་ལས་རྒྱུན་འབྱམས་སུ་སོང་བའི་བརྡ་ཆད་རེ་འགའ་དཔྱད་བཟོད་པ་ཞིག་རང་མེད་ཀྱང་། གོ་དོན་མ་འཁྲུགས་པའི་ཕྱིར་དེ་ལྟར་སོར་ན་བཞག་པ་ལས་རང་དགར་བཅོས་ཐལ་མི་རུང་བར་བཞེད་པ་དང་། རྒྱ་བོད་རིག་གནས་མི་གཅིག་པ་དང་ཡུལ་གྱི་གོམས་སྲོལ་མི་མཐུན་པའི་རྐྱེན་ལས་བྱུང་བའི་བརྡ་དོན་སྤྲོད་ལུགས་མི་མཐུན་པའི་རིགས་བོད་མིའི་ཡུལ་སྲོལ་དང་བསྟུན་གང་ཐུབ་ཏུ་བསྒྱུར་བ་ནི་ཐོས་བསམ་སྐྱེ་བོ་རྣམས་ཀྱིས་གོ་དོན་རྟོགས་སླ་བའི་ཕྱིར་ཞེས་གསུངས་པ་དེར《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》ཞེས་བྱ་བའི་རྩོམ་པ་པོ་འཕྲིན་ལས་ཆོས་གྲགས་ལགས་ཀྱིས་སྐད་གཉིས་སྨྲ་བའི་དབང་ཕྱུག་འདིའི་བསྒྱུར་ཆོས་རྣམས་གཞུང་གི་དགོངས་པ་ཇི་ལྟ་བ་བཞིན་མཚོན་པ་དང་། རྗོད་བྱེད་ཚིག་གསལ་ཞིང་གོ་བདེ་བ། བརྗོད་པའི་ཉམས་ཐོན་པ་བཅས་ཀྱི་དགེ་མཚན་མངོན་པར་གྲུབ་ཅིང་། ལོ་ཆེན་མཆོག་གིས་སྔར་འགྱུར་ཆོས་གཞུང་གི་ཐ་སྙད་མི་མཐུན་པ་རྣམས་ཞུ་དག་གནང་བའམ་ཡང་ན་གཞི་བསྒྱུར་གནང་བ་ཅི་ཡིན་རུང་། གསུངས་དེ་ནི་ཁོང་གིས་ལོ་ཙཱའི་ལག་ལེན་བྱ་བའི་འཇུག་ངོགས་ཀྱི་ཁྱད་ཆོས་མཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་བརྗོད་འདུག །
དུས་རབས་ཉི་ཤུ་པའི་དུས་མགོར་སྐུ་ཞབས་ཡན་ཧྥུའུ་ཡི་གསུངས་པའི་རྒྱ་ཡིག་ཡིག་བསྒྱུར་གྱི་ཚད་གཞི་གསུམ་སྟེ་མཐུན་བདེ་སྙན་ཞེས་པ་ཡིན། དེའང་མཐུན་ཞེས་པ་མ་ཡིག་གི་བརྗོད་དོན་དང་མཐུན་པ་ཡིན་ཏེ། གལ་ཏེ་ཟབ་མོ་གཟུངས་སྔགས་ཀྱི་གོ་དོན་འཁྱོགས་བཤད་དང་། བློ་བཟོའི་ཚིག་གིས་བསླད་བཅུག་པ། བརྡ་དང་ཐ་སྙད་གང་བྱུང་དུ་སྦྱོར་བ་བཅས་བྱས་ན་མ་ཡིག་གི་བརྗོད་དོན་དང་མཐུན་རྒྱུ་ལྟ་ཞོག །ད་དུང་དེ་ལས་འགལ་ངེས། བདེ་ཞེས་པ་བསྒྱུར་བྱེད་ཡི་གེའི་བརྡ་སྤྲོད་ལུགས་དང་བསྟུན་དགོས་པ་ལའང་སྔར་བསྒྱུར་ལས་རྒྱུན་འབྱམས་སུ་སོང་བའི་བརྡ་ཆད་རེ་འགའ་དཔྱད་བཟོད་པ་ཞིག་རང་མེད་ཀྱང་། གོ་དོན་མ་འཁྲུགས་པའི་ཕྱིར་དེ་ལྟར་སོར་ན་བཞག་པ་ལས་རང་དགར་བཅོས་ཐལ་མི་རུང་བར་བཞེད་པ་དང་། རྒྱ་བོད་རིག་གནས་མི་གཅིག་པ་དང་ཡུལ་གྱི་གོམས་སྲོལ་མི་མཐུན་པའི་རྐྱེན་ལས་བྱུང་བའི་བརྡ་དོན་སྤྲོད་ལུགས་མི་མཐུན་པའི་རིགས་བོད་མིའི་ཡུལ་སྲོལ་དང་བསྟུན་གང་ཐུབ་ཏུ་བསྒྱུར་བ་ནི་ཐོས་བསམ་སྐྱེ་བོ་རྣམས་ཀྱིས་གོ་དོན་རྟོགས་སླ་བའི་ཕྱིར་ཞེས་བརྡ་སྤྲོད་ལུགས་ཡིན་ནའང་འདྲ། ཡང་ན་རིག་གནས་མི་འདྲ་བ་གང་ཡིན་ཡང་བདེ་བར་བསྟུན་རྒྱུ་ནི་གལ་ཆེན་ཡིན་པ་དང་། དེ་བཞིན་སྙན་ཞེས་པ་གོ་བདེ་ཞིང་རྟོགས་སླ་བ། ཚིག་སྦྱོར་ཉན་སྤྲོ་བ་ཡིན་ཏེ་སྔགས་ཀྱི་སྦས་དོན་གསལ་པོ་མ་ཆོད་པ་དང་ལྡེམ་དགོངས་གསལ་པོ་མི་རྟོགས་པར་དྲངས་ཐད་དུ་སྤྱོད་པར་མི་རིགས། རྒྱུད་སྡེའི་དགོངས་དོན་གོ་བ་མི་ལོན་པ་དང་ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་བར་སྒྲ་ཇི་བཞིན་ཚད་མར་འཛིན་པ་དེ་བས་མི་རུང་ཞེས་གསུངས་པ་དེ་ནི་གོ་བདེ་ཞིང་རྟོགས་སླ་བ་ཕར་ཞོག་བསྒྱུར་ཐ་ཤལ་དུ་འགྱུར་འགྲོ་བ་ཡིན་པས་དེ་དག་ལ་ལྟ་ཚེ་ལོ་ཆེན་གྱིས་གསུངས་པའི་ཐབས་ཀྱི་སྙིང་པོ་དེ་དག་སྐད་རིགས་གང་དང་གང་དབར་གྱི་ཡིག་བསྒྱུར་ཡིན་ཡང་གཅིག་མཐུན་དུ་ཐོབ་པའི་ཉམས་མྱོང་ཞིག་ཡིན་སྟབས། དེའི་སྐབས་ཀྱི་ལོ་ཙཱའི་ཆུ་ཚད་དེ་ནི་ཚད་མཐོན་པོ་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མཚོན། ཕྱིས་སུ་དུས་རབས་ཉི་ཤུ་པའི་དུས་འགོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་གནང་བའི《རཱ་མ་ཡ་ན》དང《བྱ་ལེན་མའི་རྟོགས་བརྗོད》སོགས་ཁག་གཅིག་བསྒྱུར་རྗེས་རྒྱ་གར་དང་བོད་དབར་གྱི་ཡིག་བསྒྱུར་ལོ་རྒྱུས་སྤྱིའི་ཆ་ནས་མཇུག་སྒྲིལ་ཀྱང་། རྒྱལ་ནང་མི་རིགས་ཁག་དབར་གྱི་ཡིག་བསྒྱུར་བྱ་གཞག་ནི་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་དུ་བྱས་པས་ལོ་ཆེན་གྱི་ཐབས་ཀྱི་སྙིང་པོ་དེ་ད་བར་བོད་ཀྱི་ཡིག་བསྒྱུར་ལག་ལེན་བྱ་བར་བེད་སྤྱོད་བཏང་དང་གཏོང་མུས་ཡིན་པས་དེས་བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་ལ་བཀའ་དྲིན་བསམ་གྱི་མི་ཁྱབ་པ་དང་།ཤུགས་རྐྱེན་བླ་ན་མེད་པ་ཐེབས་ཡོད།
གཉིས་པ། རིག་གནས་དང་མི་རིགས་འབྲེལ་འདྲིས་ཐད་ཀྱི་མཛད་རྗེས།
བོད་སིལ་པོའི་དུས་སུ་ཆོས་ཀྱི་སློབ་སྦྱོང་དང་། ལོ་ཙཱའི་ལག་ལེན་ལ་བརྡ་སྤྲོད་ཀྱི་དགོས་མཁོ་ཤིན་ཏུ་ཆེ་བས། ཆོས་ཀྱི་སློབ་སྦྱོང་དང་། ལོ་ཙཱའི་ལག་ལེན་གྱི་རྨང་གཞིར་གྱུར་བའི་སྐད་དང་ཡི་གེ་དང་། བོད་ཀྱི་བརྡ་སྤྲོད་གཞུང་དེ་བས་ཞིབ་ཚགས་ཤིང་ལག་ལེན་ཐོག་སྤྱོད་བདེ་བ་ཡོང་བར་བྱ་རྒྱུ་ནི་སྐབས་དེའི་རྒྱ་བོད་ཤེས་ཡོན་ཅན་ཚང་མའི་ཐུན་མོང་གི་དམིགས་ཡུལ་ཞིག་ཡིན་ངེས། དེའི་ནང་ལོ་ཆེན་རིན་ཆེན་བཟང་པོས་བརྡ་སྤྲོད་ཐད་ལ་བཞག་གནང་བའི་མཛད་རྗེས་དམིགས་གསལ་བ་ཞིག་མི་འདུག་ལབ་མཁན་མང་ཡང་། བསྟན་པ་ཕྱི་དར་སྐབས་སུ་ཁོང་གཙོ་བོར་བྱས་པའི་ཤེས་ཡོན་ཅན་མང་དག་གིས་བོད་ཀྱི་བརྡ་སྤྲོད་གཞུང་དེ་བས་ཞིབ་ཚགས་ཤིང་ལག་ལེན་ཐོག་སྤྱོད་བདེ་བ་ཡོང་བར་བྱ་རྒྱུ་དང་། ཆོས་ཀྱི་ལོ་ཙཱ་དང་ལོ་རྒྱུས་དང་རྩོམ་འབྲིའི་སྐད་ཡིག་ཚད་ལྡན་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད།རྩོམ་རིག་ལ་མཚོན་ན། བོད་སིལ་བུའི་དུས་སུ་ཆོས་དང་། སྨན་རྩིས་སོགས་ཀྱི་ལོ་ཙཱའི་བྱ་བཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དུས་མཚུངས་བོད་མི་རིགས་རང་ཉིད་ཀྱི་ཆོས་དང་། སྨན་རྩིས། ལོ་རྒྱུས། རྩོམ་རིག་སོགས་དང་འབྲེལ་བའི་བརྩམས་ཆོས་ཡང་ཁག་གཅིག་བརྩམས་གནང་ཡོད།ལོ་ཙཱའི་སྤུས་ཚད་ངོས་ནས་བརྗོད་ན། བོད་སིལ་བུའི་དུས་ཀྱི་ལོ་ཙཱ་ནི་བཙན་པོའི་དུས་དང་མི་འདྲ་བར་རང་དབང་ཤིན་ཏུ་ཆེ་བའི་དུས་ཤིག་ཡིན་པ་དང་། དེ་ལའང་གཞུང་ཕྱོགས་དང་སྒེར་ཐོག་ནས་ཕྱི་ཕྱོགས་སུ་སྒྲ་དང་ཆོས་སྦྱོང་བར་འགྲོ་མཁན་མང་ཆེ་བ་བོད་དུ་ལོག་རྗེས་ལོ་ཙཱའི་བྱ་བར་འཇུག་པ་ཡིན་པ་ནི་ལོ་རྒྱུས་དེབ་ཐེར་མང་དག་ལས་རྟོགས་ཐུབ། དེ་ཡིན་པའི་རྐྱེན་གྱིས་ལོ་ཙཱ་བ་དེ་དག་ལ་རང་རང་སོ་སོའི་སྒྲིག་འཛུགས་དང་། སྐད་གཉིས་ཀྱི་ཆེད་ལས་ཀྱི་ཤེས་བྱའི་གྲུབ་ཆ་སྣ་ཚོགས་ཡོད་པས། བསྒྱུར་གྱི་སྤུས་ཚད་ལེགས་ཉེས་སྣ་ཚོགས་ཡོད་སྲིད། ཁོ་བོས་ལྟར་ན་ལོ་ཆེན་རིན་ཆེན་བཟང་པོའི་ལོ་ཙཱའི་ལག་ལེན་བྱ་བའི་འཇུག་ལྡོག་དང་གསུངས་རྩ་ཆེན་དེ་དག་གིས་ལོ་ཙཱའི་བྱ་བར་བཞུགས་མཁན་གྱི་སློབ་མ་དེ་དག་ལ་རྩ་དོན་ཟེར་ནའང་འདྲ། ཐབས་ཤེས་སམ་ཡང་ན་སྲུང་བྱ་ཟེར་ནའང་འདྲ་དེ་དག་མིག་དཔེ་ལ་སྟོན་ནས་བསྒྱུར་གྱི་སྤུས་ཚད་འགན་ལེན་གང་ཐུབ་བྱས་ཡོད་པར་བསམས།རྒྱལ་ཁབ་དང་མི་རིགས་བར་གྱི་འབྲེལ་བར་མཚོན་ན། ཚང་མས་མཁྱེན་གསལ་ལྟར། བོད་སིལ་བུའི་དུས་ཀྱི་ལོ་ཙཱའི་བྱ་གཞག་གིས་སྔར་གླང་དར་མས་བསྣུབས་པའི་སངས་རྒྱས་བསྟན་པ་ཡང་བསྐྱར་བོད་དུ་ཁྱབ་གདལ་བཏང་ཡོད་པ་དང་། ལོ་ཙཱ་རང་ཉིད་ཀྱི་བྱ་གཞག་དེ་བསྐྱར་དར་ཡོང་བར་ནུས་པ་ཆེན་པོ་ཐོན་ཡོད། དེ་བས་རྒྱ་གར་དང་ཁ་ཆེ་སོགས་ཕྱིའི་མི་རིགས་དང་རྒྱལ་ནང་མི་རིགས་ཏེ་དཔེར་ན་རྒྱ་ནག་སོགས་ཀྱི་བར་འགྲོ་འོང་མང་དུ་སོང་སྟེ་བོད་ཀྱི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གསུམ་པ། ཕྱི་རབས་ལོ་ཙཱ་བའི་སེམས་ཁམས་ཐད་ཀྱི་མཛད་རྗེས།
བསྟན་པ་ཕྱི་དར་ནི་བོད་སིལ་བུའི་དུས་ཏེ། བཙན་པོའི་དུས་བཞིན་གཅིག་གྱུར་གྱི་སྲིད་དབང་དང་། གཅིག་གྱུར་གྱི་འགོ་འཛིན་མཁན་མེད་པའི་དུས་ཤིག་དང་། དུས་དེ་ནི་བཙན་པོའི་སྲིད་དབང་ཐོར་ཞིག་ཏུ་སོང་བ་དང་། ཕྱིའི་པཎྜི་ཏ་དང་། ལོ་ཙཱ་བ་རང་ཡུལ་དུ་ལོག་སོང་ཡང་། བོད་ཀྱི་ཆོས་དད་མང་ཚོགས་དང་། དགེ་འདུན་པ། ལོ་ཙཱ་བ་མང་ཆེ་བའི་བཞུགས་གནས་བོད་དུ་ཡིན་པར་བརྟེན། ཆོས་ཀྱི་བྱེད་སྒོ་ས་ཕྱོགས་ཀུན་ཏུ་ཁྱབ་ཡོད་ཁར། བཙན་པོའི་དུས་དང་མི་འདྲ་བར་སངས་རྒྱས་ཆོས་ལུགས་དམངས་ཁྲོད་ཅན་དུ་འགྱུར་ཏེ། བོད་མི་རིགས་དང་དམ་པའི་ཆོས་གཉིས་འབྲལ་ཐབས་མེད་པར་མདོ་སྔགས་རྒྱུད་སྡེ་རྒྱ་མཚོས་དམ་པོ་གཅིག་ཏུ་སྦྲེལ་ཞིང་། ཆོས་ལ་དེ་བས་ཡིད་ཆེས་དང་དད་མོས་ཆེ་རུ་སོང་ཡོད་ལ། ལོ་ཆེན་རིན་ཆེན་བཟང་པོ་འདྲ་བའི་ན་གཞོན་ཤེས་རབ་ཅན་མང་པོས་དཀའ་བ་ཁྱད་དུ་བསད་ནས་བོད་ཀྱི་ཡིག་བསྒྱུར་བྱ་གཞག་ལ་མཛད་རྗེས་རླབས་པོ་ཆེ་འཇོག་པའི་འདུན་པ་དྲག་ཏུ་སྐྱེས་པ་དང་། སྔར་དར་གྱི་ལུགས་ལྟར་གཞུང་ཕྱོགས་ཀྱིས་འཚོ་བའི་ཁ་སྣོན་དང་རོགས་སྐྱོར་མེད་ན་ཡང་སྤོབས་པ་དང་གཏོང་ཕོད་ཆེན་པོས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཡིག་སྒྱུར་བྱ་བ་ལ་འཇུག་པ་དང་། བགྲོད་པ་དཀའ་བའི་འཕགས་ཡུལ་སོགས་ལ་ཡང་ལེན་མང་བྱོན་པའི་ལུགས་སྲོལ་ལམ་གོམས་གཤིས་ཆགས། ཁོང་རྣམ་པའི་འགན་འཁྲིའི་བསམ་པ་དེ་དེ་བས་ཤུགས་ཆེ་རུ་སོང་ཡོད་ལ། དེ་བས་ལོ་ཆེན་ནི་ཕྱི་རབས་ལོ་ཙཱ་བ་ཚོའི་མིག་དཔེ་ལྟ་ས་ཞིག་ཏུ་གྱུར་ཡོད།
མཇུག་བསྡུ་བའི་གཏམ།
རང་རེའི་བོད་ཀྱི་ཡིག་བསྒྱུར་ལོ་རྒྱུས་ནི་དུས་ཚོད་རིང་དུ་བརྩིས་ན་གནའ་བོའི་ཞང་བོད་ཡིག་བསྒྱུར་ཏེ་ལོ་ངོ་བཞི་སྟོང་ཙམ་གྱི་ལོ་རྒྱུས་དེད་ཆོག་པ་ཡིན་ལ། དུས་ཐུང་ནའང་བོད་ལ་བོད་ཡིག་དངོས་སུ་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་ལོ་ངོ་ཉིས་སྟོང་ལ་ཉེ་བའི་ལོ་རྒྱུས་བགྲང་ཆོག་པ་ཡིན། དེང་སྐབས་སྐྱེ་བོ་སྐོར་གཅིག་གིས་བོད་ལ་ལོ་ཙཱའི་གཞུང་ལུགས་མེད་ཅེས་བརྗོད་བཞིན་ཡོད་པ་དེ་དག་ནི་ལོ་རྒྱུས་ལ་རྩིས་མེད་བཏང་བ་རེད་ལ། ཕྱི་རབས་པ་ཚོས་ལོ་ཆེན་རིན་ཆེན་བཟང་པོ་འདྲ་བའི་ཕུལ་བྱུང་མཁས་པ་དེ་དག་ལ་མིག་དཔེ་བལྟས་ནས་བོད་ཀྱི་ཡིག་བསྒྱུར་བྱ་བཞག་མ་ཉམས་གོང་འཕེལ་དང་དེ་བས་མངའ་ཐང་རྒྱས་པའི་ཕྱོགས་ལ་ཐོན་ཐུབ་པ་བྱ་རྒྱུའི་འདུན་པ་ནི་ཕྲན་ཆུང་ངས་དཔྱད་རྩོམ་འདི་འབྲི་བའི་ཐོག་མའི་དམིགས་ཡུལ་ཡིན། །