བོད་ཇའི་རིག་གནས་ཀྱི་འབྱུང་ཁུངས་དང་ཕན་ནུས་སྐོར་རགས་ཙམ་གླེང་བ།
ལྷ་མོ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29
དང་པོ། བོད་ཇའི་འབྱུང་ཁུངས་དང་དར་ཚུལ་བཤད་པ།
བོད་ལ་ཇ་འཐུང་བའི་གོམས་སྲོལ་ག་དུས་བྱུང་བའི་ཐད་ལ་རིག་གཞུང་གི་སྡེ་ནས་ད་ལ་ཐུག་གི་བར་དུ་ངེས་གཏན་གྱི་ཚད་གཞི་ཞིག་མེད་ནའང་། ཁོ་བོས་བོད་དུ་ཇ་ཐོག་མར་དར་བའི་དབྱེ་མཚམས་ནི་རྒྱ་བོད་གཉིས་ཀྱི་ཡིག་ཆ་མི་འདྲ་བ་སོ་སོ་བསྡུར་ཏེ་བཀོད་པ་འདི་ལྟ་སྟེ། བོད་རང་གི་ཡིག་ཚངས་རྣམས་བསྡུར་ན། བོད་དུ་ཇ་ཐོག་མར་དར་བའི་དུས་ནི་སྟག་ཚང་ལོ་ཙཱ་བ་དཔལ་འབྱོར་བཟང་པོའི་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བསྐྱེད་ཆེན་མོ་རུ་ཇ་ནི་ཁྲི་འདུས་སྲོང་གི་སྐབས་སུ་དར་བར་གསུངས་པ་དེ་སྔ་ཤོས་རེད། ཡང་རྒྱའི་ཞིབ་འཇུག་པ་ཚོའི་འདོད་ཚུལ་ལྟར་ན། ཡཱང་ཧའེ་ཁྲའོ་ཡིས་སྔ་དུས་ཀྱི་རྒྱའི་ཡིག་ཚངས་ནང་ཇ་ཞེས་མིང་ཁོད་པའི་རྟོག་ཞིབ་བདེན་དཔང་བརྒྱུད། སྐད་བརྡ་རིག་པའི་ངོས་ནས་ཇའི་རིག་གནས་ནི་ཧན་ཤར་མ་ནས་ཝེ་ཅིན་རྒྱལ་རབས་སྐབས་སུ་བོད་དུ་དར་བ་ཡིན་ཟེར། ཡང་ལ་ལས་ཏུན་ཧོང་དང་ཤིན་ཅང་ནས་བཏོན་པའི་བཙན་པོའི་རྒྱལ་རབས་དང་འབྲེལ་བའི་ཡིག་རྙིང་ཁག་ནས་ཇའི་སྐོར་གྱི་རྒྱུ་ཆ་གང་ཡང་མཐོང་རྒྱུ་མེད་པས། མ་མཐའ་ཡང་དུས་རབས་དགུ་པའི་ཡར་སྔོན་དུ་ཇ་འཐུང་བ་ནི་གྲལ་རིམ་གོང་མའི་ལོངས་སྤྱོད་བྱེད་སྟངས་ཤིག་ཡིན་པས། དམངས་ཁྲོད་དུ་ཇ་འཐུང་བའི་སྲོལ་ཆགས་མེད་ཟེར། གང་ལྟར་རྒྱའི་ཡིག་ཚངས་རྣམས་བསྡུར་ན་ཧན་ཤར་མའི་དུས་སུ་བོད་དུ་ཇ་དར་བ་རེད་ཟེར་པ་དེ་སྔ་ཤོས་རེད་མོད། དེ་ལས་ཀྱང་རྒྱའི་མཁས་པའི་གྲལ་ན་བོད་ཇ་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་དུ་དར་བ་རེད་ཟེར་བ་ནི་མང་ཤོས་ཡིན། འདི་ནི་སྟག་ཚང་ལོ་ཙཱ་བས་འདུས་སྲོང་གི་སྐབས་ཡིན་ཟེར་བའི་འདོད་ཚུལ་དང་མཐུན་ལ། དེ་བཞིན་དུ་རྒྱའི་ཞིབ་འཇུག་པ་ཚོས་ཐང་རྒྱལ་རབས་ཀྱི་སྐབས་ཡིན་ཟེར་བ་དེ་ཡང་མ་བགྲོས་རང་མཐུན་དུ་སྣང་ངོ་། །
སྤྱིར་རིག་གནས་སམ་བྱ་དངོས་པོ་ཅི་ཞིག་ཡིན་རུང་ཐོག་མར་གྲལ་རིམ་མཐོ་སར་དར་བ་དང་རིམ་བཞིན་དམངས་ཁྲོད་དུ་དར་བ་ནི་རྒྱུན་གཏན་གྱི་ཆོས་ཉིད་ལྟ་བུ་ཞིག་ཡིན་ཏེ། ཧེ་མིན་སི་ཡི་མངར་དང་དབང་ཆ་ཞེས་པ་དང་མཱ་ཁེ་མན.ཨེ་ལིས་སི་སོགས་ཀྱིས་བརྩམས་པའི་ཇ་ལོའི་བཙན་རྒྱལ་ཞེས་པ་རུ། དབྱིན་ཇི་ལ་མངར་རིགས་དར་བ་དང་ཇ་དར་བ་སོགས་ལ་ཐོག་མར་དེ་ནི་གྲལ་རིམ་མཐོན་པོའི་སྤྱི་ཚོགས་མ་གཏོགས་མི་སེར་དཀྱུས་མས་སྤྱོད་ཐུབ་པ་ཞིག་མིན། རིམ་བཞིན་གྲལ་རིམ་མཐོ་བའི་སྤྱི་ཚོགས་བརྒྱུད་དེ་དམངས་ཁྲོད་དུ་དར་བ་ཞིག་ཡིན། དེ་བཞིན་དུ་བོད་ཇ་ཡང་ཐོག་མར་རྒྱ་ཡུལ་ནས་དར་ཞིང་། བོད་ཀྱི་སྤྱི་ཚོགས་ཀྱི་གྲལ་རིམ་མཐོ་སར་དར་ལ་རིམ་བཞིན་མི་སེར་དཀྱུས་མའི་སྤྱི་ཚོགས་སུ་ཁྱབ་བརྡལ་བྱུང་བ་ཞིག་རེད།
གཉིས་པ། བོད་ཇའི་ལུས་ཁམས་ཀྱི་ཕན་ནུས་བཤད་པ།
བོད་ཇ་ལ་མ་ཞུ་བ་ཞུ་བར་བྱེད་པ་ལ་མཆོག་ཏུ་གྱུར་བ་དང་། ལུས་གསོ་བ་ཁམས་དྭངས་པ། རྩལ་བསྐྱེད་པ་སོགས་མང་སྟེ། ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་བརྩམས་པའི《ཇ་ཡི་བསྟན་བཅོས》སུ། ཇ་འདི་ཐོག་མར་སྨན་ནས་བརྒྱུད་ནས་བཏུང་རིགས་ཤིག་ཡིན་པ་གསལ་བོར་རྟོགས་ཞེས་གསུངས། དེ་ཡང་བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལས། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་སྐུ་ཚེ་སྨད་ཙམ་ལ་དཔལ་ལྡན་རྒྱུད་བཞི་ཡི་བཀའ་རྒྱ་བཀྲོལ་ཏེ་རྩ་རྒྱུད་དུ་གླེང་གཞི་དང་གླེང་སློང་། བཤད་རྒྱུད་དུ་ཇ་དང་སྨན་སོགས་བསྣན་ཁ་མཛད་ཅེས་གསུངས་ཡོད་པ་དང་། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས། སྲན་མ་ཇ་དང་བསྐོལ་གྲངས་ཆུ་ལ་སོགས། །སྨུག་པོ་ཚ་བ་རྒྱས་པའི་ཟས་སུ་བཤད། ཅེས་སོགས་ཇ་ཡི་ཕན་ཡོན་གསུངས། དེ་མིན་སྟག་ཚང་ལོ་ཙཱ་བའི་རྒྱ་བོད་ཡིག་ཚངས་སུ། མདའ་གཉིད་ཆར་མ་ཆུ་མ་དང་། །ཞིང་སར་ཞིང་རྙིང་ས་ཆ་བཤང་ལྕི་དང་། །ལུད་ཅན་ལུད་མེད་རྩེ་ཇ་བར་ཇ་དང་། །ཚ་འདུལ་གྲང་འདུལ་སྨིན་དང་མ་སྨིན་ནོ། །ཞེས་སྣ་ཁ་བཅུ་དྲུག་ཡོད་ལ་དེ་དག་སོ་སོའི་ལོ་འདབ་སྦོམ་ཕྲ་དང་། དྲི་མ། བྲོ་བ། ནད་རིགས་གང་ལ་ཕན་པ་སོགས་ཡོད་ལ། དེ་དག་གི་ཁྱད་ཆོས་དང་ཕན་ནུས་གཙོ་བོ་ནི་ཉེས་གསུམ་ལྡན་འདུས་སོགས་འབྱུང་འཁྲུགས་ཀྱི་ནད་ཡོད་དོ་ཅོག་ལ་ཕན་པ་དང་འབྱུང་ཁམས་སྙོམས་སྒྲིག །བད་ཀན་གྱི་ནད། རླུང་ནད། མཁྲིས་ནད། གཏི་མུག་སེལ་བ་སོགས་ཁྱད་ཆོས་ཤིན་ཏུ་མང་བས་ཇ་ནི་རང་རེའི་མི་རིགས་ཀྱི་འཚོ་བ་དང་འབྲལ་ཐབས་མེད་པའི་བཏུང་བྱ་གལ་ཆེན་ཞིག་ཏུ་གྱུར་བ་རེད།
གསུམ་པ། བོད་ཇའི་རིག་གནས་དང་རྒྱའི་རིག་གནས་ཀྱི་འབྲེལ་བ་བཤད་པ།
ཤེས་རིག་གི་འཕེལ་རྒྱས་ནི་ཚོ་བའམ་རུས་ཚོགས། ཡང་ན་མི་རིགས་སོ་སོའི་དབར་གྱི་འབྲེལ་འདྲིས་དང་ཁ་འབྲལ་ཐབས་མེད་ཅིང་། དེ་ཡང་འབྲུ་རིགས་འདེབས་འཛུགས་དང་བཟའ་བཏུང་གི་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ལ་སྐུལ་འདེད་བྱས་པ་ཡིན་ན། བོད་ཇ་ནི་བོད་དང་ནང་ལོགས་ཀྱི་བཟའ་བཏུང་རིག་གནས་ཀྱི་འབྲེལ་འདྲིས་ལས་བྱུང་བའི་ཤེས་རིག་གི་ཉིང་བཅུད་ལྟ་བུ་ཞིག་རེད། འགྲོ་བ་མིའི་བཟའ་བཏུང་གི་བྱུང་འཕེལ་ཐད་ལ་ཞིབ་འཇུག་པ་ཚོར་བཟའ་བཏུང་ནི་ཆེད་བསྒྲུབ་ཀྱི་བྱེད་སྒོ་ལ་བརྟེན་ནས་བྱུང་བ་དང་ཆོས་ལུགས་ཆོ་ག་སྤེལ་ནས་བྱུང་བ་སོགས་ཀྱི་ལྟ་ཚུལ་མི་འདྲ་བ་མང་པོ་ཡོད་མོད། གང་ལྟར་མི་རིགས་དང་ཡུལ་གྲུ་སོ་སོའི་ཁྱད་ཆོས་དང་འཚམ་པའི་བཟའ་བཏུང་རིགས་ཀྱི་བྱུང་བ་དང་ཕན་གནོད་སོགས་སོ་སོར་དབྱེ་བ་ཕྱེ་སྟེ་ཁམས་དང་བསྟུན་ནས་བསྟེན་ཚུལ་དང་དུས་དང་བསྟུན་ནས་འཚོལ་སྡུད། ལག་ལེན་ཁྲོད་ནས་འཕེལ་རྒྱས་དང་འཐུས་ཚང་གཏོང་བ་ནི་མངོན་རྗེས་གཉིས་ཀྱི་ཚད་མས་གྲུབ་པ་ཞིག་རེད། ཇའི་རིག་གནས་ནི་ཤིན་ཏུ་རྒྱ་ཆེ་བའི་གླེང་གཞི་ཞིག་ཡིན་ལ། ངག་རྒྱུན་དུ་ཉིན་གསུམ་ལ་ཟས་མེད་ན་ཆོག་མོད། ཉིན་གཅིག་ལ་ཇ་མེད་ན་མི་རུང་ཞེས་པ་ལྟར། རང་རེའི་མི་རིགས་འདི་གནའ་ནས་ཇ་འཐུང་བར་གོམས་པའི་མི་རིགས་ཤིག་ཡིན་པ་ངང་གིས་ཤེས། དེ་ཡང་བོད་ལ་ཇ་བཏུང་བའི་གོམས་སྲོལ་སྔ་ནས་ཡོད་མོད་བོད་རང་གིས་ཇ་འདེབས་འཛུགས་དང་ཇ་ཐོན་སྐྱེད་བྱེད་པའི་སྲོལ་ཧ་ལམ་མི་འདུག །དེ་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བོད་དུ་གནམ་གཤིས་གྲང་བའི་སྟབས་ཀྱིས་ཇ་ཤིང་འདེབས་གསོ་བྱེད་པའི་ཆ་རྐྱེན་མེད་པར་བརྟེན། མདོ་སྨད་ནས་ཐོན་པའི་རྟ་དང་ཇ་གཉིས་ཕན་ཚུན་བརྗེ་འཚོང་བྱས་པའི་ལོ་རྒྱུས་དུས་ཡུན་རིང་བོ་བྱུང་སྟེ། རྒྱ་བོད་མི་རིགས་དབར་ལ་ཇ་རྟའི་ཚོང་འབྲེལ་བྱུང་བའི་བརྒྱུད་ལམ་དེ་ལ་ཇ་རྟའི་ལམ་ཞེས་གྲགས་པར་བཤད། འདི་ལས་བོད་མི་རིགས་དང་ནང་ལོག་ནས་ཐོན་པའི་ཇ་གཉིས་ཀྱི་དབར་ན་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ངང་ངམ་ཤུགས་ཀྱིས་མངོན་ནོ། །
བཞི་པ། མཇུག་བསྡུ་བའི་གཏམ།
ཇ་ནི་རིག་གནས་ཙམ་མིན་པར་ཇ་བཏུང་བར་གོམས་པ་ནི་འཚོ་བ་རོལ་ཐབས་ཤིག་ཡིན། སྤྱི་ཁོག་ནས་བལྟས་ན་ཇ་ཡིས་བོད་དང་ནང་ལོག་གི་དཔལ་འབྱོར་བརྗེ་རེས་ལ་སྐུལ་འདེད་བྱས་པ་མ་ཟད། ཇ་དམངས་ཁྲོད་དུ་དར་བ་དེས་ཀྱས་ཚད་ངེས་ཅན་གྱི་སྟེང་ནས་བོད་རིགས་མི་དམངས་ཀྱི་བཟའ་བཏུང་གི་སྒྲིག་གཞིར་སྒྱུར་བཅོས་བྱས་ཤིང་མི་རྣམས་ཀྱི་བདེ་ཐང་ལ་འགན་ལེན་བྱས་ཡོད། དེ་ལས་ཀྱང་ཇ་ནི་བོད་དང་ནང་ལོགས་མི་རིགས་དབར་ལ་མཛའ་མཐུན་གྱི་འབྲེལ་བ་ཆགས་པའི་སྟོབས་ཤུགས་ཤིག་ཀྱང་ཡིན་ནོ། །
◆ རྩོམ་པ་པོ། ལྷ་མོ་ཚེ་རིང་། 2019ལོའི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ།