དབུལ་ཐར་གནས་ཚུལ་ལ་རྒྱུས་ལོན་དུ་བསྐྱོད་པའི་ ཟིན་ཐོ་དྲང་བདེན་གཏམ་གྱི་ཕོ་ཉ།
འཛུམ་ཟེར། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
བྱམས་ཆེན་ཐུགས་རྗེ་ནམ་མཁའི་གུར་ཁྱིམ་ལས།།
བརྩེ་ཆེན་ཉི་མའི་སྣང་བ་འབུམ་གྱི་འོད།།
ང་དྲུག་མི་རིགས་དཔྱིད་དུ་འཇོ་བ་ཡི།།
བདེ་སྣང་དབྱར་གྱི་ལང་ཚོ་ཀུན་ཏུ་ལུད།།
གངས་ཅན་ཀན་ལྷོ་གཡང་ལྡན་ཕྱུག་པ་མོར།།
སྣུམ་སྣུམ་མཛའ་བ་ཉི་མའི་བརྩེ་བ་ཡིས།།
དབུལ་བས་ཉེན་པའི་པད་མ་དཀར་བོ་ཡང་།།
རབ་ཏུ་མྱོས་པའི་མགོ་ལྕོགས་ལས་ལ་བྲེལ།།
དབུལ་ཐར་སྲིད་ཇུས་ལག་བསྟར་བྱེད་པོ་དེ།།
ཀན་ལྷོའི་དབུལ་སྐྱོར་ལས་སྒྲུབ་གཙོ་འགན་པས།།
སྣེ་ཁྲིད་དབུལ་སྐྱོར་རྒྱུས་ལོན་བྱེད་པ་དག།
ཀླུ་རྒྱལ་རྫོང་དུ་མི་དལ་ཤར་གྱིས་བསྐྱོད།།
ཀླུ་རྫོང་ཟམ་ཚ་ཞང་དང་ཨ་ལ་ཡི།།
ཁྱིམ་ཚང་རེ་རེའི་དབུལ་ཐར་གནས་ཚུལ་ལ།།
སེམས་པ་ཞིབ་མོའི་རྒྱུས་ལོན་ཡང་དག་གིས།།
གཟིགས་སྐྱོང་སྲིད་ཇུས་དོན་ལྡན་བྱ་བར་འབད།།
དབུལ་ཐར་བྱ་བའི་རྒྱུས་ལོན་གནས་ཚུལ་ལ།།
སྡོད་ཤག་ཆུ་དང་ལམ་གྱིས་གཙོ་བྱས་པའི།།
འཚོ་བ་རྨང་གཞིའི་འཛུགས་སྐྲུན་ལ་སོགས་པ།།
ལོ་འཁོར་གཅིག་གི་ཡོང་འབབ་གཙོ་བོར་འཛིན།།
ཞང་དང་རྫོང་གི་ལས་བྱེད་དག་གིས་ཀྱང་།།
དགེ་བའི་བགྱི་བ་དོན་དུ་དབབ་པ་ལ།།
ཉིན་དང་མཚན་དུ་ཐབས་ཤེས་སྣ་མང་གིས།།
དབུལ་སྐྱོར་ལས་དེ་སྒྲུབ་པ་དོན་དང་ལྡན།།
བླ་མེད་སྲིད་ཇུས་ཉི་འོད་འཐུང་བ་ཡི།།
ལོ་ན་བགྲེས་པའི་པད་དཀར་རྒན་པོས་ཀྱང་།།
རླབས་ཆེན་ཏང་གི་བཀའ་དྲིན་གཞལ་དཀའ་ཞེས།།
བསྟོད་པའི་མཐེ་བོང་ཀེར་ཞིང་མགྲིན་པ་བརྣངས།།
གཟིགས་སྐྱོང་སྲིད་ཇུས་གླེང་མོལ་གོ་རིམ་དུ།།
འབངས་ལ་བྱམས་ཞིང་ཀུན་ལ་བརྩེ་བའི་མགོན།།
གནམ་འོག་ཉམ་ཐག་འབངས་མིའི་སྐྱབས་ཀྱི་མཆོག།
ཏང་གི་བཀའ་དྲིན་མཛད་མཐའ་མེད་ཅེས་སྨྲ།།
བཟང་ངན་རབ་འབྲིང་ཁྱིམ་ཚང་མང་པོ་ཞིག།
དབུལ་ཐར་སྲིད་ཇུས་བྱམས་བརྩེའི་མཐུ་འོག་ན།།
ཁ་རྒྱབ་ཀུན་ལ་སྡུག་བསྔལ་ཅང་མེད་པར།།
བདེ་བའི་མལ་ན་མགྲིན་གླུ་ལེན་པར་བྲེལ།།
འོན་ཀྱང་སྒྱིད་ལུག་ལེ་ལོའི་མཁན་པོ་དག།
གཟིགས་སྐྱོང་སྲིད་ཇུས་ཁོ་ནར་སྒུག་པ་ལས།།
ཐབས་ལམ་གཞན་དག་འཚོལ་བའི་མགོ་བོ་དེ།།
མལ་གྱི་ཁུང་ན་རུལ་དྲི་སྟོང་གིས་མནན།།
བསམ་ཤེས་ཁྱིམ་མི་ལ་ལ་ཞིག་གིས་ནི།།
ཏང་གི་དབུལ་ཐར་གཟིགས་སྐྱོང་སྲིད་ཇུས་དང་།།
རང་གི་ཐབས་ཤེས་ལུས་ཀྱི་ངལ་རྩོལ་གྱིས།།
ཡང་དག་སྲིད་ཇུས་དོན་འཁྱོལ་བྱ་ཞེས་མོལ།།
ཆེན་པོ་དག་ལ་ཁ་གཏོང་མི་བྱེད་ཅིང་།།
ཆུ་བོ་ཆེན་པོར་རྡོ་སྐོར་མི་བྱེད་པ།།
གནའ་བོའི་དུས་སུ་མི་ཆོས་ཡིན་སྲིད་ཀྱང་།།
ད་ལྟ་སེམས་ཅན་ཁ་ན་འཛམ་གླིང་འབར།།
བསམ་བློའི་སྟེང་གི་དབུལ་བ་མ་སེལ་བས།།
མིག་ལ་ཚད་མེད་ཁ་ལ་ཁྲིམས་མེད་པའི།།
ས་མཐའི་རྒན་པོ་མགོ་སྟོང་ལབ་སྐྱ་འགས།།
མ་བྱིན་མ་ཡོང་མི་མངགས་བརྗོད་ཅིང་གདའ།།
ལས་ལ་མི་བརྩོན་ཟ་ལ་དགའ་བ་ཡི།།
ལྟོ་ཆེན་ཕག་གི་སྤུན་ཟླར་འོས་པ་འགའ།།
ཏང་སྲིད་ཉི་མའི་འོད་ཀྱིས་བསྐྱངས་ནའང་།།
རྣམ་གཡེང་འདྲེ་མོའི་རྗེས་ན་ད་དུང་འདུར།།
གཟིགས་སྐྱོང་ཁྱིམ་མི་གཅིག་གི་ཡོང་འབབ་ལ།།
རྩྭ་སའི་ཁ་གསབ་ནགས་ཀྱི་ཁ་གསབ་དང་།།
དབུལ་སྐྱོར་དངུལ་དང་མཉམ་ལས་ཁང་གི་དངུལ།།
མི་རེའི་ཡོང་སྒོ་སྟོང་ཕྲག་ལྔ་ལས་བརྒལ།།
ད་དུང་སྡོད་ཤག་གནས་སྤོར་མ་དངུལ་ལ།།
མི་རེར་ཆ་སྙོམས་ཁྲི་ཚོ་ལྔ་དང་བཅས།།
གཟིགས་སྐྱོང་མ་དངུལ་སྣ་ཚོགས་དུས་ཚོད་ལྟར།།
འབངས་མིའི་བདེ་སྐྱིད་ཉིད་ལ་གཏོང་ཞིང་བཀོལ།།
རོང་མ་འབྲོག་གི་སྡེ་མི་རེ་འགའ་ཡིས།།
གཟིགས་སྐྱོང་མ་དངུལ་ཆུད་ཟོས་མི་བྱ་བར།།
ཁེ་སྤོགས་ལེན་པའི་ཁེ་ལས་མཉམ་ལས་ཁང་།།
གཉེར་ཞིང་འཛུགས་ལ་འབད་འབུངས་ཟུང་གིས་བྲེལ།།
རྨ་ཀླུང་སྒེག་མོའི་མཛའ་བརྩེ་དམ་འཁྱུད་པའི།།
མཛེས་ལྡན་གླིང་དཀར་སྟོད་ཀྱི་ཡུལ་གྲུ་ན།།
ལ་ལ་ཕྱུག་གི་མགོ་བོ་རྒྱག་ཅིང་མཐོ།།
འགའ་ཞིག་སྒྱིད་ལུག་ལེ་ལོས་རབ་ཏུ་ཉེན།།
ད་ལོར་ཆར་ཆུ་མོད་པའི་བཀྲ་ཤིས་སམ།།
ཡང་ན་འགྲོ་བའི་བསོད་ནམས་གང་གིས་ནི།།
གླིང་དཀར་སྟོད་ཀྱི་རི་ཀླུང་ཐང་གསུམ་དུ།།
ལྗང་མདོག་ལང་ཚོས་ཕྱུག་པ་རྨད་དུ་བྱུང་།།
གོ་ལའི་སྲོག་གི་འཁོར་རྒྱུག་ཁྲག་གི་རྒྱུན།།
རྨ་ཡུལ་ཁྲོ་ཁོའི་ན་ཆེན་མཛེས་སྡུག་ལ།།
སྔོན་ལས་ལྷག་པའི་བཀྲག་མདངས་འཚེར་བ་ནི།།
གཡང་ལྡན་ཕྱུག་མོའི་རྒྱན་དུ་ཁོ་བོས་སེམས།།
གཞན་གྱི་ལག་ནས་རྐུ་དང་གཡོ་ལེན་དང་།།
རྒྱན་འཇོག་ཤོ་རྒྱག་ཁྲམ་པ་དག་ལ་ནི།།
གཟིགས་སྐྱོང་སྲིད་ཇུས་གཟིགས་སྐྱོང་བྱེད་པ་ལས།།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཁོ་ན་མཛེས།།
བྱིས་པའི་ལུས་སེམས་ནར་ནི་མ་སོན་པར།།
དགོན་པར་རབ་བྱུང་སློབ་འཐེན་བྱེད་པ་ཡང་།།
ཞིབ་ཏུ་བསམ་ན་གདོད་མའི་མི་རིགས་འདིས།།
གླེན་རྟགས་ཞིག་ཏུ་གཟུ་བོ་དག་གིས་ནི་འདོད།།
ཁྱིམ་ཐོར་མེད་པའི་སྙིང་ཉེ་བྱིས་པ་འགའ།།
ལོ་ནི་དགུ་ལ་བུད་ཀྱང་སློབ་ཆུང་དུ།།
ད་དུང་མ་ཚུད་བྱིས་པ་གཉོར་ཁང་དུ།།
ཉི་མ་གཏོང་ཐབས་ཙམ་དུ་ངང་གིས་འགྲོ།།
གྲགས་དཀར་བ་དན་མཐོངས་ན་རབ་བསྐྱོད་པའི།།
གྲགས་ལྡན་གྲགས་པས་ཁྱབ་པའི་ནེ་རྫོང་གི།།
གྲགས་ཅན་ཁོར་ཡུག་མེ་ཏོག་དགའ་ཚལ་དུ།།
གྲགས་འབར་སྲིད་ཇུས་དབུལ་ཐར་བྱ་བས་བྲེལ།།
རི་སྟེང་རི་ཞོལ་གནས་པའི་རུ་གྲོང་དུ།།
དབུལ་ཐར་ལས་ལ་རྩེ་གཅིག་གཞོལ་བ་ཡི།།
སོ་ནམ་མཁན་དག་སིལ་སྡོང་ར་བ་དང་།།
ཞིང་གི་ཡུར་མའི་ལས་ལ་བྲེལ་ཞིང་རྒྱུག།
ཞང་གི་ལས་སྣ་རྫོང་གི་ལས་བྱེད་དག།
དབུལ་སྐྱོར་བྱ་བར་རྒྱུས་ལོན་བྱེད་པ་ལ།།
ཐོག་མའི་མཐུན་སྐྱེན་ཡིག་ཆའི་ཞིབ་ཚགས་དང་།།
ཁྱིམ་ཚང་རེ་རེའི་གནས་ཚུལ་ཀུན་ལ་བྱང་།།
ཤོ་བ་ཁང་ཐོག་རི་ལུང་ཁོར་ཡུག་ཏུ།།
ལྗང་མདོག་དབྱར་གྱི་ལང་ཚོ་རབ་རྒྱས་ཤིང་།།
བླ་མེད་སྲིད་ཇུས་འོ་མ་འཐུང་བ་ལ།།
ལྷག་བསམ་གཙང་མས་བགྱི་བ་དང་དུ་ལེན།།
སྔོན་གྱི་དུས་ན་དཔོན་པོའི་བླ་རི་དེར།།
ལྔ་ཟུང་རིག་པའི་བརྩེ་དགའ་རྟག་འབར་ཞིང་།།
མཁྱེན་ལྡན་མཁས་པའི་བྱིན་རླབས་ཚན་ཁ་ཡིས།།
ཡོངས་སུ་འཁྱུད་པའི་གཏམ་དེ་བདེན་པར་སྙམ།།
ཅི་ཕྱིར་ཞེ་ན་ས་དེའི་འབངས་མི་ཀུན།།
འཇིག་རྟེན་ལུགས་ལ་ཀུན་ནས་རབ་བྱང་བས།།
ཡིན་མིན་གནས་ལུགས་ཁ་ནས་མི་འཆད་ཅིང་།།
དོན་གྱི་གནས་ལུགས་སྙེག་པ་འདི་ཡིས་སོ།།
ཐང་སྐྱ་སྒོ་མེད་ཡུལ་གྱི་མི་སེར་དང་།།
དེ་དག་བར་གྱི་གནམ་སའི་ཁྱད་པར་འདི།།
སྔོན་ཆད་རིག་གནས་དར་དང་མ་དར་གྱིས།།
ཧེ་བག་ཆེན་པོ་ཤོར་བ་དེ་རིང་ཚོར།།
གཟིགས་སྐྱོང་ཁྱིམ་མིར་དམིགས་བསལ་སྨན་བཅོས་དང་།།
མི་སེར་ཚང་མའི་སྨན་བཅོས་སྨན་རིན་ཡང་།།
བརྒྱ་ཆའི་གོ་ལྔ་ཡན་ཆད་གསབ་པ་ཡི།།
དབུལ་ཐར་སྲིད་ཇུས་གྲགས་པ་བླ་ན་འབར།།
དབུལ་ཐར་སྲིད་ཇུས་འཇའ་འོད་གུར་ཁྱིམ་ན།།
ནེ་རྫོང་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་།།
དགེ་མཚན་སྟོང་གི་གཟི་བྱིན་ཉམས་དང་བཅས།།
ཕྱོགས་བཞིའི་མགྲོན་པོ་འགུག་པའི་རྟེན་དུ་འགྱིང་།།
རྫོང་ཁག་བདུན་ལས་ནེ་རྫོང་ཅོ་ནེ་ནི།།
ཁོར་ཡུག་གཙང་ཞིང་བཀོད་པ་རབ་མཛེས་ཤིང་།།
གཡུ་ལོ་ཐགས་སུ་བཀྲ་ཞིང་ཤང་ཤང་སྒྲས།།
མི་རྣམས་དགའ་བའི་སིམ་ཚོར་ཉིན་ཀྱིས་བཟི།།
དབུལ་སྐྱོར་དཔོན་པོ་དབྱང་གི་མཚན་ཅན་གྱིས།།
རྫོང་ཁག་རེ་ནས་ལྡོག་འདྲེན་དཔྱད་འཇོག་དང་།།
གལ་བོ་ཆེ་ལ་ནན་ཏན་རབ་བྱས་ཏེ།།
ཚོགས་ཀྱི་གཏམ་ཡང་ཤུགས་དང་ཤེད་ཀྱིས་བསྒྲགས།།
རྒྱལ་ཁབ་གང་དང་རྒྱལ་རབས་གང་ལ་ཡང་།།
ཕྱི་ནང་འཆམ་མཐུན་གཞི་རྩའི་སྲིད་ཇུས་ཏེ།།
དབུལ་སྐྱོར་སྲིད་ཇུས་བདེ་ཆེན་འོ་མའི་མཚོ།།
ཕྱོགས་སུ་ལུད་པ་འདི་རིགས་མེད་དོ་སྙམ།།
ས་ལ་བཀྲ་ཤིས་གནམ་ལ་བཀྲ་ཤིས་པའི།།
བཀྲ་ཤིས་རྒྱལ་སྐྱོང་དབུལ་ཐར་བཀྲ་ཤིས་ཀྱི།
བཀྲ་ཤིས་ཡིད་བཞིན་ནོར་བུའི་བཀྲ་ཤིས་དེ།།
བཀྲ་ཤིས་ཡར་ཟླའི་དཔལ་གྱིས་བཀྲ་ཤིས་ཤོག།