ལ་གཟར་འགག་གི་གཡུལ་འགྱེད(腊子口战役)ནི། ༡༩༣༥ལོའི་ཟླ༩བར་བཟོ་ཞིང་དམར་དམག་བྱང་ཕྱོགས་སུ་སྐྱོད་པའི་ལམ་ཁ་སྟེ་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་ལ་རྩའི་འགག་ཏུ་ཐོན་ཞིང་། དེར་གོ་མིན་ཏང་གི་དམག་ཤེད་ཅན་ལོའུ་ཏ་ཁྲང་གི་དམག་དཔུང་གིས་བཙན་ས་བཟུང་སྟེ་དམར་དམག་གི་གདོང་བཀག དམར་དམག་གིས་དྲག་པོའི་དཔུང་འཇུག་ཡང་ཡང་བྱས་པས། མཐར་དཔུང་སྟོབས་ཆེ་བའི་དགྲ་ལས་རྣམ་པར་རྒྱལ་བའི་རྒྱང་སྐྱོད་ལམ་ཁའི་ཆེས་མཇུག་མཐའི་ཛ་དྲག་གི་གཡུལ་འགྱེད་ཆེན་པོ་ཞིག་གོ། —— ཁ་བྱང་གི་འགྲེལ།
བྱ་རྒྱལ་རྒོད་པོའི་གཤོག་པ་འདར་བའི་བྲག་རིའི་རྩེ་མོ་དགུང་ལ་ཟུག།
ཉི་འོད་མི་རེག་འགག་འཕྲེང་དོག་མོར་ཤག་ཤག་ཆུ་སྒྲ་བྲག་ཅར་འཁྱིལ།།
རྩི་ཤིང་ནགས་ཚལ་ཚང་ཚིང་འཁྲིགས་པས་མདུན་སྐྱོད་ལམ་བུ་བསྒྲིབས་བྱས་ཤིང་།།
ཇག་ཚོགས་དག་གིས་འགྲུལ་བཞུད་བཅོམ་པའི་རང་བྱུང་བཙན་རྫོང་ལྷུན་གྱིས་གྲུབ།།
བཟོ་ཞིང་དམར་དམག་ཧྲན་ཀན་ཡུལ་དུ་མདུན་སྐྱོད་ཐར་ལམ་ཉག་ཅིག་པུ།།
ལོག་སྤྱོད་དམག་ཤེད་ལོའུ་ཏ་ཁྲང་གིས་སྔ་ནས་བཟུང་ཞིང་འཇབ་སྒུགས་བགྱིས།།
འཐབ་ར་བཙན་པོས་གནམ་གྱི་འཕུར་དགུ་ས་ཡི་འཛུལ་དགུ་བཀག་བྱས་ཏེ།།
གནས་འདི་དམར་དམག་དབུགས་རྒྱུ་འགགས་པའི་མཇུག་མཐའི་དུར་ས་ཡིན་པར་འུར།།
ལས་དབང་བཙན་པོའི་ལོ་རྒྱུས་འཁོར་ལོ་ལྡོག་པར་ཁ་ལོ་བསྒྱུར་མེད་ཅིང་།།
སྒྱོགས་ཆེན་ཁ་ལ་གདོང་བ་གཏད་དེ་དཔའ་བོའི་ཟུངས་ཁྲག་ཆུ་རུ་བཞུར།།
བཙན་པོའི་སྔུན་ནས་ཉམ་ཆུང་རྒྱལ་ཞིང་ཉུང་བས་མང་པོ་ཕམ་བགྱིས་ཤིང་།།
མཇུག་མཐར་འགག་སྒོ་བཙན་གྱིས་འཕྲོག་པའི་གཡུལ་གྱི་གཏམ་རྒྱུད་ཕྱོགས་སུ་ཁྱབ།།