ངག་རིག་དབྱངས་བདུན་རབ་རྫོགས་ཤིང་།།
ཡིད་ལ་ཤེས་རབ་མཆོག་སྟེར་བའི།།
ལུས་མཛེས་སྒེག་ཉམས་སྟོང་ལྡན་གྱི།།
སྒྲ་དབྱངས་ལྷ་མོས་རམ་འདེགས་མཛོད།།
སྟོང་ཆེན་དབྱིངས་སུ་བཀལ་བ་ཡི།།
ཟླུམ་གཟུགས་གོ་ལ་རིལ་བོ་ལ།།
འབྱུང་བཞིའི་རྐྱེན་ལས་མ་ཤོར་བའི།།
སྣོད་བཅུད་བསྡེབས་པ་ཕུན་ཚོགས་སོ།།
གངྒའི་ཀླུང་གི་བྱེ་གྲངས་བཞིན།།
གང་ཟག་མོས་པ་སོ་སོ་སྟེ།།
གང་ཞིག་བདེ་བའི་འདུ་བྱེད་དེ།།
གང་ལ་གང་གིས་མི་སྒྱུར་གྲང་།།
གོས་སུ་ཤིང་ལོ་སིལ་དག་ཟས།།
བརྟེན་ལ་བྲག་སྐྱིབས་ཁྱིམ་དུ་བྱས།།
བྲན་དང་མི་བྲན་བཀས་བཀོད་པའི།།
ཚོ་ཤོག་རུས་རྒྱུད་རྒྱ་བསྐྱེད་དོ།།
ཞིང་འབྲོག་གྲོང་གི་ཡོ་ལང་འབུམ།།
སློང་བྱེད་བཟོ་ལས་དེང་རབས་ཏེ།།
རིགས་རུས་མུ་རུ་ཤུལ་འཛིན་པ།།
གཅོད་པའི་གསར་བརྗེ་རལ་གྲི་ཕྱར།།
མར་ལེ་ཞེས་བྱ་རླབས་ཀྱི་རྒྱུན།།
འཛིན་མའི་རི་ཀླུང་འགེངས་པ་ཅན།།
ནུབ་ཕྱོགས་རིག་པའི་གདེང་དང་བཅས།།
ཤར་ཕྱོགས་འཛིན་མའི་གཞི་ལ་མཆེད།།
གཞིག་མེད་སྒུལ་ཤུགས་དྲག་པོ་ཡིས།།
རྒྱལ་ཤུལ་བུ་ཡིས་རབས་འཛིན་པའི།།
མི་ལོ་སྟོང་ཕྲག་སྒྲིག་གཞི་དེ།།
དམངས་གཙོ་གསར་བའི་རླུང་གིས་གཏོར།།
དུས་ཀྱི་འགྲོས་དང་ཉེར་བསྟུན་པའི།།
མདུན་སྐྱོད་གོམ་ཁ་ལྡོག་མེད་ཀྱིས།།
བཟོ་ཞིང་མཚན་པའི་དར་དམར་པོ།།
དཔལ་དཀྱིལ་ས་ཡི་རྒྱན་དུ་བཙུགས།།
དེ་ལ་ངན་གཡོ་ཁྲམ་པ་དགུ།།
དམངས་ཀྱི་བདེ་བ་གཅོད་པ་དག།
རྩད་ནས་འཇོམས་པའི་དཔའ་གདེང་བཅས།།
གུང་ཁྲན་རིང་ལུགས་ལམ་ལ་ཆས།།
དམངས་ཀྱི་ཤ་ཁྲག་ལུས་དང་སྲོག།
མེ་འོབས་སྡུག་ལས་འགྲོལ་བ་ཡི།།
ཐོག་མའི་ཕུགས་འདུན་མ་རྙིང་བར།།
ལོ་རྒྱུས་འགན་འཁྲི་ཕྲག་ལ་བླངས།།
དམར་པོའི་གྲུ་རུ་བློ་སྣ་བསྡུས།།
གནས་གཞིར་བསམ་བློའི་མེ་ལྕེ་སྦར།།
མི་རིགས་དར་བའི་འདུན་པ་བདར།།
སྤྱི་མཐུན་ལས་ལ་སྒོ་འཕར་ཕྱེ།།
གསར་བརྗེ་མེ་ལྕེ་འབར་མཆེད་པར།།
ལོག་སྤྱོད་པ་ཡི་དྲག་ཤུགས་ཀྱིས།།
གེགས་དང་འཇིལ་བའི་ལས་སྣ་ཚོགས།།
སྤེལ་ཡང་མིང་གི་ལྷག་མར་གྱུར།།
གསར་དུ་འབུས་གྱུར་མྱུག་གཞོན་ཏེ།།
ཆུ་ལུད་དྲོད་ལ་བརྟེན་ཆེ་ཡང་།།
རང་སྟོབས་སྤེལ་བའི་འཐབ་ཇུས་སྟོང་།།
གཙོ་འཛིན་གང་གི་དཔལ་དུ་འབར།།
གང་ལ་གང་བསྟུན་རྐྱེན་དང་རྒྱུ།།
དེ་ལ་དེ་ཡི་སྦྱོར་བར་དམིགས།།
ཉིས་ཁྲི་ལྔ་སྟོང་རྒྱང་སྐྱོད་དེ་།།
བཀག་རྒྱ་ཐར་བའི་དཔུང་དུ་ཆས།།
དམངས་དམག་དཔུང་རྡང་གཅིག་སྦྲེལ་གྱིས།།
དྲག་ཤུལ་རུ་དཔུང་བསྒྱུར་བ་ཡི།།
འཇར་པན་སྦྱོར་བ་ཕྱིར་ཟློག་པར།།
ཤ་ཁྲག་ཕུང་པོ་གཅིག་ཏུ་བསྡུས།།
མི་ལོ་བཅུ་བཞིའི་ཛ་དྲག་གིས།།
མི་ཤི་རྟ་འགྱེལ་བགྲང་ཡས་ཀྱང་།།
མི་འགྱུར་སྙིང་སྟོབས་དགུ་སྒྲིག་གིས།།
མི་ཡི་ལ་རྒྱ་བརྟན་པོར་བསྲུངས།།
ཁྱོད་ཤི་ང་གསོན་ནང་འཁྲུག་ལས།།
ས་ཡི་དཀྱིལ་འཁོར་ཁྲག་གིས་བརྫིས།།
རོ་ལ་རོ་འཐམས་རི་བོའི་གཏོས།།
གཤིན་རྗེའི་ཁྲིམས་རའི་སྤུན་དུ་བྱས།།
མྱ་ངན་འོ་དོད་འགད་རྫས་སྒྲ།།
ས་ཆེན་གཡོ་བ་ཉིད་དུ་བྱུང་།།
གྱང་རོ་མཁར་ཤུལ་ཁྲག་གི་ཆུ།།
ཀྱེ་མ་མཐའ་མའི་དུས་འཇིག་གོ།
དུས་ཀྱི་ཡོ་ལང་བརྡབས་པ་ཡིས།།
ལྷ་མིན་བདུད་ཀྱི་ཆོ་འཕྲུལ་ཏེ།།
སྨྱོན་པའི་གར་དུ་འཁྲབ་པ་དག།
དྲུངས་ནས་འཇོམས་པའི་གཉེན་པོར་བསྔགས།།
དམངས་དག་གུང་ཁྲན་ཏང་ཉིད་ཀྱིས།།
དམངས་སུ་སྣེ་ཁྲིད་དམངས་ཕྱིར་འཐབ།།
དམངས་དང་བདེ་སྡུག་མཉམ་མྱོང་གིས།།
དམངས་ཀྱི་བདག་འཛིན་སྲིད་དབང་བཙུགས།།
ཤར་ཕྱོགས་ས་ཆེན་ཀོག་པོ་ལ།།
སྟོབས་ཀྱི་ལང་ཚོའི་མདངས་དགོས་ཤིང་།།
དམངས་སྲིད་རྒུད་པ་ལས་སྐྱོབ་ན།།
དཔལ་འབྱོར་གསོན་ཤུགས་འདེགས་པར་དགོངས།།
མཆོང་སྐྱོད་ལས་ཀྱི་འཆར་གཞི་སོགས།།
གོང་སྤེལ་ཇུས་འགོད་མང་བྱས་ཏེ།།
རྒྱལ་འབངས་འཚོ་ཚིས་ཡོང་འབབ་སོགས།།
གང་གང་ཡར་ངོའི་དཔལ་དུ་བརྩོན།།
བགྲང་བྱ་བཅུ་ཡིས་དགོངས་དོན་དང་།།
ལྡོག་པའི་སྲིད་འབྱོར་རིག་གསུམ་ཉིད།།
ཉེན་ཁའི་གཡང་ལ་དེད་པ་དེ།།
འཕྲལ་མར་སྐྱོབ་ཐབས་ཏང་གིས་རྙེད།།
ཚན་རིག་དང་བསྟུན་འཕེལ་རྒྱས་ཉིད།།
དོན་ལྡན་གནས་ལུགས་འབའ་འོ་ཞེས།།
དགོངས་པ་བཀྲལ་ནས་རང་ཉིད་ཀྱི།།
ཁྱད་ལྡན་སྤྱི་ཚོགས་རིང་ལུགས་སྤེལ།།
ཚོགས་ཆེན་ལྷོ་སྤྲིན་འཁྲིགས་པ་ལས།།
ཇུས་བཟང་སྦྲང་ཆར་རིས་མེད་འཇོ།།
རྒྱལ་ཁམས་འཕེལ་བའི་སྤང་ལྗོངས་སུ།།
བདེ་སྐྱིད་མེ་ཏོག་ཕྱོགས་སུ་བཞད།།
བཅོས་སྒྱུར་སྒོ་གླེགས་ཡངས་ཕྱེས་ནས།།
གླིང་བཞི་མགྲོན་དུ་ཉེར་བསུས་ཏེ།།
ཕྱི་ནང་དར་བའི་འཐབ་བཀོད་ཀྱིས།།
ཕྱུག་འགྱུར་ལམ་ལ་རིངས་པར་སྐྱོད།།
རིག་པ་ཚོང་དང་ཞབས་ཞུ་སྨན།།
གང་གང་འདོད་དོན་ཉེར་འགྲུབ་པའི།།
དོན་མཐུན་ལས་སྒོ་འདྲ་མིན་གྱིས།།
སྤྱི་ཚོགས་སྒྲིག་གཞི་འཐུས་སུ་ཚགས།།
ཚོང་ཟོང་ལོངས་སྤྱོད་འདོད་རྒུའི་ཆབ།།
མཁོ་སྤྲོད་སྐོམ་པའི་གདུང་སེལ་ལྟར།།
དམངས་ཡིད་བདེ་བའི་མལ་དག་ལ།།
དགའ་མགུར་རོལ་བ་འཕྲལ་ཡོད་མིན།།
ཚན་རྩལ་དཔྱིད་ཀྱི་ཕོ་ཉ་མོའི།།
གསུང་སྙན་རི་ཀློང་ཀུན་མཆེད་པས།།
རྒྱལ་དར་འབངས་ཕྱུག་བདེ་བ་འབུམ།།
ཡ་གླིང་ཤར་མར་ལྷང་ངེར་བཀྲ།།
ད་ཀོ་སྲིད་འབྱོར་རིག་གསུམ་དང་།།
ལུས་རྩལ་དམག་དོན་མཁའ་སྐྱོད་སོགས།།
སྔོན་ཐོན་རྩེ་གྲར་སྙེག་གྱུར་ཏེ།།
འཛམ་གླིང་འགྲན་མེད་ཟླ་རུ་འཁུམ།།
བདེ་བ་ཡར་ངོའི་རྐང་སྟེགས་འཆའ།།
སྐྱིད་པ་ལྷ་ཡང་འགྲམ་ཆུ་ལྡང།།
ལོངས་སྤྱོད་ཀླུ་རྒྱལ་འཛད་མེད་པ།།
དགའ་སྟོན་ཉིན་མཚན་མི་ཕྱེད་དོ།།
སྐྱེ་འགྲོའི་དབང་ལྔའི་སྐྱེ་མཆེད་དུ།།
གཟུགས་དང་གཟུགས་མིན་ལོངས་སྤྱོད་དེ།།
དངོས་བརྒྱུད་མྱོང་བའི་བདུད་རྩི་དཔལ།།
ཨེ་མ་རྫོགས་ལྡན་དཔྱིད་དུ་བསྟབས།།
འདི་ན་རྒྱལ་འབངས་འགྲོ་འཆག་ཀུན།།
གནམ་ས་བླ་འོག་བསྒྱུར་བ་ཡི།།
ངོ་མཚར་འཕོ་འགྱུར་བརྗོད་འདས་པ།།
སུམ་རྩེན་དཔལ་ལ་ཅོ་ཡང་འདྲི།།
རང་བྱུང་རང་གིས་གཅེས་འཛིན་གྱིས།།
མཛེས་པ་མཛེས་པའི་དཔལ་ཀུན་བདོ།།
སྐྱེ་ཁམས་སྐྱེས་པའི་འཁོར་ལོ་དེ།།
སྲིད་མཐར་སྲིད་པའི་ཤུགས་སུ་དྲངས།།
འདི་ནི་ལོ་བརྒྱའི་ལམ་བུ་སྟེ།།
མིའི་རིགས་བདེ་བ་མཆོག་གི་ཡུལ།།
སྙེག་དང་འབྱོར་ཞིང་རོལ་བ་ཡི།།
རྨད་བྱུང་ལོ་རྒྱུས་འོད་དུ་བསྟིམས།།
ཨེ་མ་ཡང་དག་ལུགས་བཟང་གིས།།
དཔལ་ཡོན་ཟུང་གི་རྒྱལ་མཚན་འདེགས།
འགྲོ་ཀུན་ཞི་མཐུན་བདེར་འགོད་པའི།།
དགའ་བ་རིང་དུ་གནས་གྱུར་ཅིག།