ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༡༠༠འཁོར་བའི་ བཀྲ་ཤིས་དུས་སྟོན་ལ་ཕུལ།
སེམས་ཀྱི་རང་སྒྲ། (རྒྱལ་རྩེ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
སྙན་འགྱུར་བྱེ་བ་འབུམ་ཕྲག་དབྱངས་ཀྱི་མཛོད།།
རྒྱུད་སྟོང་པི་ཝང་དཀྲོལ་བའི་ངོ་མཚར་གྱིས།།
དྲི་ཟའི་འཇིག་རྟེན་ཁེངས་པ་བསྙིལ་བྱེད་པའི།།
རྒྱལ་ཡུམ་དབྱངས་ཅན་ལྷ་མོར་གུས་པར་འདུད།།
བཅུ་དྲུག་ལང་ཚོ་འབར་བའི་འཕྱོར་སྒེག་གིས།།
ཀུན་ཡིད་བརྟན་པ་དབང་མེད་འཕྲོག་བྱེད་པའི།།
དབྱངས་ཅན་ལྷ་མོའི་མཛེས་སྡུག་སྟོང་གི་དཔལ།།
དབྱར་དུས་ཆུ་སྐྱེས་པདྨའི་གཉེན་དུ་འཆར།།
བརྩེ་བའི་འཛུམ་དཀར་བདུད་རྩིའི་འོད་འཕྲོ་ཞིང་།།
ཉམས་འགྱུར་སྟོང་གི་ཡིད་འོང་གར་སྒྱུར་བའི།།
དབྱངས་ཅན་ལྷ་མོར་རྒྱུན་དུ་གསོལ་འདེབས་པས།།
དུས་བཞིའི་སྙན་ཚིག་བདུད་རྩི་སྩོལ་བ་མཛོད།།
སྔོ་བསངས་དྲི་མེད་ཀུན་གསལ་མཁའ་ལམ་མཐོངས།།
ཕུན་ཚོགས་རིན་ཆེན་རྒྱན་གྱིས་སྤྲས་པའི་སྐུ།།
འཕུར་ལྡིང་གར་གྱིས་འགྱིང་བའི་དབྱངས་ཅན་མ།།
ཁོ་བོར་ངག་གི་དངོས་གྲུབ་སྩོལ་བ་མཛོད།།
ནང་པའི་སྲོལ་གཏོད་ཤཱཀྱ་ཐུབ་པ་གཙོས།།
རྙིང་མའི་མགོན་པོ་སློབ་དཔོན་རིན་པ་ཆེ།།
འགྲོ་བ་འདྲེན་པའི་ཐོགས་མེད་མཁྱེན་དཔྱོད་ཐུགས།།
ཁོ་བོར་བློ་རིག་སྩོལ་རོགས་དབྱངས་ཅན་མ།།
གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི།།
སྨན་གྱི་རྒྱུད་བཞི་ལ་སོགས་རིག་གནས་བཅུ།།
ཐོགས་མེད་སྨྲ་ཞིང་མཁྱེན་པའི་ཡོན་ཏན་མཛོད།།
ཁོ་བོར་ལམ་སྟོན་སྩོལ་རོགས་དབྱངས་ཅན་མ།།
བོད་ཡིག་གཙོས་པའི་གླིང་ལྔའི་སྐད་ཡིག་ཀུན།།
ལྷག་མེད་ཡོངས་སུ་རྟོགས་པའི་བློ་གྲོས་གཏེར།།
ཤེས་རབ་རལ་གྲི་དགུང་དུ་བཏེགས་ནུས་འཐུ།།
ཁོ་བོར་ཐབས་ཤེས་སྩོལ་རོགས་དབྱངས་ཅན་མ།།
མཐོང་བ་ཙམ་གྱིས་ཡིད་དུ་ཟིན་པ་དང་།།
ཐོས་པ་ཙམ་གྱིས་སེམས་སུ་འཇགས་གྱུར་པ།།
ནམ་ཡང་བརྗེད་པ་སྤུ་ཙམ་མེད་པའི་གཟུངས།།
ཁོ་བོར་དྲན་བསྐུལ་སྩོལ་རོགས་དབྱངས་ཅན་མ།།
འཆད་ཁྲིད་སྙན་པའི་རྒྱལ་བ་བློ་བཟང་གྲགས།།
རྩོད་ལ་མི་འཇིགས་རྒྱལ་སྲས་ཞི་བ་ལྷ།།
རྩོམ་ལ་མཁས་པའི་ས་པཎ་ཀུན་དགའ་ཞབས།།
མཚུངས་པའི་དངོས་གྲུབ་སྩོལ་རོགས་དབྱངས་ཅན་མ།།
མཐོན་ཐིང་རལ་བའི་རྩེ་ན་འོད་དཀར་འཕྲོ།།
ཞལ་རས་པདྨ་རྒྱས་པའི་དཀྱིལ་འཁོར་མཛེས།།
མཐོང་བ་ཙམ་གྱིས་སྙིང་ལ་དགའ་སྟེར་བའི།།
སྙན་ངག་མཁན་པོའི་ལྷ་སྐལ་དབྱངས་ཅན་མ།།
རབ་དཀར་ཆུ་འཛིན་གསར་བའི་ལྡིང་ཁང་དུ།།
ཉམས་ལྡན་གར་ལ་རོལ་བའི་དབྱངས་ཅན་མ།།
མ་ལྟར་བྱམས་ཤིང་བརྩེ་བས་ཁོ་བོའི་ངག།
སྨྲ་བའི་དབང་ཕྱུག་ཁྱོད་དང་མཚུངས་པར་ཤོག།
ཉ་རྒྱས་ཟླ་བའི་དཔལ་ལ་འགྲན་བཟོད་པའི།།
མཛེས་སྡུག་ལྟ་བས་མི་ངོམས་དབྱངས་ཅན་མ།།
དགྱེས་པའི་འཛུམ་གྱིས་ཁོ་བོ་སྐྱོང་བ་དང་།།
ཆབས་ཅིག་སྙན་ངག་དམ་པའི་ཁྲི་སྩོལ་ཅིག།
ཟབ་ཡངས་རྒྱ་མཚོ་ལྟ་བུའི་ཐུགས་མངའ་ཞིང་།།
ཚངས་དབྱངས་ཟིལ་གྱིས་གནོན་པའི་མགྲིན་ངག་མཁན།།
བྱམས་དང་བརྩེ་བའི་གཏེར་བདག་དབྱངས་ཅན་མ།།
ནམ་ཡང་ཁོ་བོར་ངག་གི་དབང་ཕྱུག་སྩོལ།།
ཤེས་རབ་རྩལ་དུ་འདོན་པར་རབ་མཁས་པའི།།
ཡིད་འཕྲོག་ལྟ་ན་སྡུག་པའི་དབྱངས་ཅན་མ།།
འདི་ནས་བརྩམས་ཏེ་ཚེ་རབས་ཐམས་ཅད་དུ།།
བདག་གི་སྙིང་དང་བྲལ་མེད་གཏན་གནས་སྨོན།།
ཁྱོད་ཉིད་བཞུགས་སའི་གདན་ས་ཆེན་པོ་དེར།།
མི་རིགས་ཞིག་གི་སྙན་ངག་རྒྱན་ཆ་མཛེས།།
ཀྲུང་ཧྭ་ང་དྲུག་བརྩེ་དུང་འགྲོགས་པའི་སྐལ།།
གངྒཱའི་རྒྱུན་ལྟར་ཆད་མེད་སྩོལ་བར་མཁྱེན།།
ཨེ་མ་ཐུགས་རྗེའི་རླབས་ཀྱི་མེ་ཏོག་ཕྲེང་།།
ནམ་མཁར་ཁྱབ་པར་ཐོར་བའི་དབྱངས་ཅན་མ།།
ཚེ་རབས་ཀུན་ཏུ་མ་བུའི་ལས་དབང་བཞིན།།
འགྲོགས་པའི་སྐལ་བ་ནམ་ཡང་བརྟན་གྱུར་ཅིག།
དམངས་གསུམ་གསར་གཏོད་སུང་ཀྲུན་ཧྲན་མཆོག་དང་།།
ཀྲུང་གོ་གུང་ཁྲན་ཏང་གཏོད་ལི་ཏ་ཀྲའོ།།
ཀྲུང་ཧྭ་གསར་པའི་གཙོ་འཛིན་མའོ་ཙེ་ཏུང་།།
དམངས་ཀྱི་ཆེད་དུ་དངོས་ཐོག་བདེན་འཚོལ་མཁན།།
དེ་ལྟར་ཏང་གི་ཡང་དག་དབུ་ཁྲིད་འོག།
མི་རིགས་རང་སྐྱོང་སྲིད་ཇུས་ལག་སྟར་མཛད།།
བོད་ལྗོངས་གསར་བ་ལང་ཚོའི་གཟི་དཔལ་རྒྱས།།
གངས་ལྗོངས་དགྱེས་པའི་གཏམ་སྒོ་འདི་རུ་ཕྱེས།།
སྣ་ཚོགས་རིན་ཆེན་བྱེ་བས་ཡོངས་བཀང་ནས།།
དལ་བུས་ས་འཛིན་ལ་འཁྱུད་ཉམས་བརྒྱའི་གར།།
མཐོ་སྒང་ནོར་འཛིན་སྙིང་པོར་ཆགས་པའི་གནས།།
གནས་མཆོག་ལྷ་ས་སུམ་རྩེན་འཕོས་འདྲ་རྒྱན།།
གསེར་སྦྱངས་བཙོ་མའི་རིན་ཆེན་རྒྱ་ཕིབས་འོག།
ལྷ་ཡི་ཁང་བཟང་རི་བོ་གྲུ་འཛིན་མཚར།།
སྤུན་ཟླའི་མི་རིགས་རྒྱ་བོད་ཧོར་རིགས་ཚོགས།།
མཛའ་མཐུན་མཉམ་ལས་བདེ་སྐྱིད་འཚོ་བར་རོལ།།
གངས་ཅན་ལོ་རྒྱུས་ཆུ་མགོའི་བང་མཛོད་ནས།།
ཡུམ་བུ་བརླ་མཁར་གྲགས་པ་ཡོངས་སུ་ཁྱབ།།
མ་རྨོས་འབྲུ་སྔོན་ཐང་དུ་བསྙིལ་བའི་བཅུད།།
མགོ་ནག་བོད་མིར་འཚོ་བརྟེན་ཟས་སུ་གཡོས།།
གཉའ་ཁྲི་བཙན་པོའི་གདུང་རྒྱུད་དྭངས་མ་ལས།།
རང་རིགས་བོད་འབངས་བདེ་སྐྱིད་མཛད་པས་བསྐྱངས།།
ལོ་ཟླའི་འཕེལ་སྒྲིབ་དུས་ཀྱི་འགྱུར་ཁུག་ཁྲོད།།
ཡར་ཀླུང་མཚན་སྙན་ཉི་ཟླའི་འོད་དང་འཚུངས།།
ས་འཛིན་ཇོ་མོ་གླང་མས་བྲོ་གར་འཁྲབ།།
བདུད་རྩི་མྱང་ཆུ་གཙང་པོས་གླུ་དབྱངས་ལེན།།
གཙང་ཡུལ་ནོར་འཛིན་ལོ་ལེགས་གདན་ས་ནས།།
ཞིང་ལས་ཚན་རིག་ཅན་གྱི་གཏམ་བཟང་སྙན།།
ཕ་དང་ཨ་ཁུས་བུ་ལ་མིག་དཔེ་སྟོན།།
མ་དང་སྲུ་མོས་བུ་མོར་ཡ་རབས་སློབས།།
རྣམ་དཔྱོད་བློ་གྲོས་ཤེས་རིག་གཏེར་བདག་མཁན།།
གཙང་པའི་ཨོ་ལོ་ཡར་ཐོན་གོམ་འགྲོས་མཁས།།
སཱ་ལའི་ལྗོངས་འདིའི་མཛེས་པའི་དཔལ་ཡོན་དག།
ལེགས་བྱས་ལྗོན་པའི་དྲི་དང་འགྲོགས་པའི་གནས།།
སུམ་རྩེན་སྙེམས་པ་འཕྲོག་པའི་ཡུལ་ཁམས་འདིར།།
གནམ་ལྕགས་འབར་བས་ཆད་མེད་བདུད་རྩི་འཇོ།།
སོར་རྩེས་བྲིས་འདྲའི་བྲག་གསུམ་མཚེའུའི་འགྲམ།།
ཡུལ་དེར་ཨ་དར་རྒྱལ་པོའི་གཏམ་རྒྱུད་སྙན།།
ཨ་སྐྱིད་བུ་མོའི་མཛེས་སྡུག་ལང་ཚོ་འདི།།
ལྗོངས་རྒྱུའི་ཚོགས་རྣམས་ཉིང་ཁྲིར་བློ་ཁ་ཕྱོགས།།
སྙན་འགྱུར་བྱེ་བ་ཕྲག་བརྒྱའི་བསྟོད་པའི་ཚིག།
ཁམས་པའི་པི་ཝང་རོལ་ཆའི་རམ་འདེགས་འོག།
གངས་རིའི་འཇིག་རྟེན་ཁེངས་པ་བསྙིལ་བྱེད་མཁན།།
ཆུ་གཉིས་བར་ཆགས་ཆབ་མདོ་ནོར་བུའི་ས།།
གངས་ཆབ་དྭངས་མས་གསོས་པའི་རངས་ཚུགས་བརྟན།།
མི་རིགས་སྙན་པ་གླིང་བཞིར་སྒྲོག་པའི་ཆེད།།
ཨ་ཕོ་ཁམས་པས་དཀའ་སྡུག་མཉམ་སྤྱད་འབྲས།།
ཞི་མཐུན་ཅན་གྱི་དེང་རབས་ཆབ་མདོ་མཚར།།
ཁ་བའི་འདབ་མ་རླུང་གིས་གསེད་མཛད་ནས།།
སྲིད་པའི་མགུར་ལྷ་གཉའ་ཆེན་ཐང་ལྷ་བཞེངས།།
གནམ་མཚོ་ཕྱུག་མོར་མཁའ་འགྲོ་ལྷན་དུ་འཛོམས།།
བྱང་ཐང་མཛེས་སྡུག་འཐུ་བའི་རྡོ་རིང་བཙུགས།།
མརྒད་མདངས་འཛིན་སྤང་ཐང་ཡངས་པོའི་སྟེང་།།
དཀར་ནག་ཕྱུགས་ཀྱི་འཕེལ་ཁ་དབྱར་མཚོ་རྒྱས།།
ལྷག་བསམ་དཀར་བའི་ཕྱུགས་བདག་བྱང་འབྲོག་རྣམས།།
སྣང་སྲིད་དགའ་བ་སྐྱེད་པའི་རྒྱན་དུ་མཚར།།
ཏི་སེའི་རྩེ་ནས་གསེར་གྱི་ཉི་འོད་འཆར།།
ཆར་ཟིམ་བབ་ནས་མགྲོན་གྱི་བསུ་མ་མཛད།།
མ་ཕམ་གཡུ་མཚོ་མཐུན་སྒྲིལ་གསེར་ཟམ་འདྲ།།
སྣོད་བཅུད་གཉིས་ཀར་འཆི་མེད་ཞི་བདེར་རོལ།།
ཞང་ཞུང་རིག་གནས་མེ་ཏོག་ཕོ་བྲང་ནང་།།
གུ་གེ་རྒྱལ་བོའི་ཕ་མཁར་བརྗིད་ཉམས་ལྡན།།
འདུལ་བའི་སྡེ་ཆེན་མཐོ་ལྡིང་ལྷ་ཁང་ལས།།
བསྟན་པ་ཕྱི་དར་རིག་གཞུང་འཕེལ་ཁ་རྒྱས།།
མདོར་ན་གངས་ཅན་གསར་པའི་ལང་ཚོ་ཡི།།
ཡི་གར་འོང་བའི་འགྱུར་ལྡོག་འབུམ་ཕྲག་དེར།།
དབྱངས་ཅན་ལྷ་མོས་རྒྱུད་དྲུག་པི་ཝང་དཀྲོལ།།
འཛམ་གླིང་འགྲོ་བའི་སྒྲ་འཛིན་གཉེན་དུ་འཆར།།
དབྱར་མཚོ་རྒྱས་འདྲའི་བོད་གསར་གཏམ་རྒྱུད་སྙན།།
སྙན་འགྱུར་བྱེ་བ་ཕྲག་བརྒྱའི་བསྟོད་ཚིག་དབྱངས།།
དབྱངས་ཅན་རྒྱང་འབོད་སེམས་གཏམ་དཀར་པོའི་གངས།།
གངས་ལྗོངས་དགྱེས་པའི་མཆོད་སྤྲིན་བཀྲ་ཤིས་ཤོག།