ལོ་བརྒྱའི་འཁྲུངས་སྐར་བསུ་བའི་ལེགས་སྐྱེས་ ཚངས་སྲས་ལྷ་མོའི་མགྲིན་གླུ།

སྐལ་བཟང་བཀྲ་ཤིས།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཉི་གཞོན་གསར་བས་མཁའ་མཐའ་བསྲེགས་པའི་བསྐལ་ངན་མུན་པ་སྟུག་པོའི་ཁམས།།

གཟི་བྱིན་དཀྱིལ་འཁོར་ཀུན་ཏུ་རྫོགས་པའི་རླབས་ཆེན་ཏང་གི་ཟེར་མ་འབུམ།།

རིས་མེད་སྤྲོས་པས་མེས་རྒྱལ་མཁའ་མཐའི་འབྱུང་བོའི་བྱ་ཚོགས་མཐར་བསྐྲད་ཅིང་།།

ཕན་བདེ་བྱེ་བའི་སྐྱ་རེངས་འཛུམ་ཞིང་དགེ་ལེགས་ཉི་གཞོན་དབྱིངས་སུ་འཕགས།།

སྔར་མེད་ལང་ཚོ་གསར་དུ་བཞད་པའི་ཀྲུང་ཧྭའི་འཛིན་མ་ཡངས་པོའི་གཞིར།།

ཏང་སྲིད་ཉི་ཟླའི་རྣ་ཆ་མཛེས་ཤིང་རིགས་ཀུན་འགྲོ་བའི་རྒྱུ་སྐར་འཚེར།།

ཕུན་ཚོགས་ལོངས་སྤྱོད་འབུམ་གྱི་གཏེར་བརྡོལ་བསོད་ནམས་ཞིང་གི་རྟགས་མཚན་བཀྲ།།

དུས་རབས་གསར་བའི་འོད་སྟོང་ལམ་ཆེན་སྲིད་པའི་རྩེ་རུ་མངོན་པར་བཞེངས།།

འདི་ལྟའི་སྐལ་བཟང་ཞིང་གི་བསོད་ནམས་རིགས་ཀུན་འགྲོ་བའི་དཔལ་དུ་ཤར།།

ཁྱད་པར་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཆོས་སྲིད་དར་བའི་གསོས་སུ་སྨིན།།

སྒོས་སུ་ཕ་ས་གཙོད་ལྗོངས་ཕྱུག་མོའི་བཅུ་ཟུང་ལང་ཚོ་གསར་བའི་མདངས།།

ཀུན་ཏུ་འཚེར་བའི་ལེགས་བྱས་གཏམ་བཟང་གྲེ་འགྱུར་སྙན་མོའི་དབྱངས་སུ་ལེན།།

ཟླ་མེད་གུང་ཁྲན་ཏང་གི་འགོ་ཁྲིད་ཁྲི་གདུགས་ཉི་མའི་དཀྱིལ་འཁོར་འོག།

རིགས་ཀུན་མི་རིགས་མེ་ཏོག་སྣ་བརྒྱའི་བདེ་སྐྱིད་དབུ་ལྕོག་ལྡེམ་ལྡེམ་གཡོ།།

འཆམ་མཐུན་གསེར་གྱི་ཨ་ལོང་གོར་མོ་ནམ་ཡང་མི་འདོར་གཅིག་ཏུ་སྦྲེལ།།

མི་རིགས་མཐུན་སྒྲིལ་མཛའ་གཞས་རིང་མོ་བསྐལ་བའི་མཐའ་རུ་ལེན་པར་སྤྲོ།།

ཡང་དག་སྲིད་ཇུས་ཆུ་ཤེལ་དཀྱིལ་འཁོར་དབང་ཕྱོགས་མཁའ་མཐར་རྟག་འཚེར་བས།།

རིས་མེད་རིག་གཞུང་ཀུན་དའི་ཚལ་དུ་ཤེས་རིག་དྲི་བསུང་རྣམ་པར་མཆེད།།

ལྷག་པར་སློབ་གསོའི་ཆུ་གཏེར་ཆེན་པོར་རིག་པའི་ནོར་བུའི་ཁུར་གྱིས་ལྕི།།

སྣ་མང་རིན་ཆེན་གང་འདོད་འཇོ་བའི་སྐལ་ལྡན་དཔུང་ཚོགས་བརྩོན་པས་འཇུག།

རྒྱལ་ཁྲིམས་གསེར་གྱི་གདུང་ལྕམ་ལས་གྲུབ་ལུགས་མཐུན་ཁང་བཟང་གཅིག་གི་འོག།

འབངས་རྣམས་ཕ་མ་བུ་ཕྲུག་བཞིན་བསྐྱངས་འཚེ་མེད་ཞི་བདེའི་དཔལ་ལ་བཀོད།།

ཚུལ་མིན་དབྱུ་གུས་རྡུང་ཞིང་བསྣུན་པའི་མ་རུང་བདུད་ཀྱི་དཔུང་ཚོགས་ལ།།

དམངས་ཁྲིམས་རྡོ་རྗེའི་ཐོ་བ་ཆེན་པོ་ཀླད་རྒྱ་གཞོམ་པའི་གཤེད་དུ་འཕྱར།།

ནད་ཡམས་རླུང་ནག་ཀུན་ཏུ་འཚུབ་ཅིང་སྨྲེ་སྔགས་ཆོ་ངེ་འདོན་པའི་དུས།།

བརྩེ་ཆེན་སྙིང་རྗེས་ཡོངས་སུ་ཕྱུག་པའི་ཞུམ་མེད་ལྷ་ཡི་ཕོ་ཉ་སྟེ།།

གྲངས་མེད་ལྷ་རྗེའི་ཐབས་མཁས་ཐུགས་རྗེ་འགྱུར་བ་མེད་པའི་མཐུ་རྩལ་གྱིས།།

ནད་གདོན་བར་ཆད་མཐའ་རུ་བསྐྲད་ཅིང་སྐྱེ་འགྲོའི་སྲོག་གི་ཀ་བ་སྲུང་།།

འཕྲལ་དང་ཕུགས་ཀྱི་བདེ་སྐྱིད་གཞི་མ་དེང་འདིར་སྐྲུན་པའི་ཆོད་སེམས་ཀྱིས།།

གཟར་མོའི་བྲག་ལ་ཁུང་ལམ་ཕུག་ཅིང་དམའ་མོའི་གཤོང་ལ་ཡུར་བ་བཟོས།།

བགྲང་བྱ་དུ་མར་སྙིང་རུས་བརྟན་པོའི་གོ་ཆ་ལུས་ལ་རབ་བགོས་ཏེ།།

ཡན་ལག་བརྒྱད་ལྡན་སྟག་ཆུ་རིང་མོ་སྐྱེ་འགྲོ་ཀུན་གྱི་གསོས་སུ་དྲངས།།

རང་བྱུང་གཟའ་སྐར་གཅལ་དུ་བཀྲམ་པའི་མཐོན་མཐིང་ལྷ་ལམ་སྔོ་བསང་བསང་།།

སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་བའི་སྤང་ཐང་ནེའུ་གསིང་སྣུམ་ཤིག་ཤིག།

ཆལ་ཆིལ་གླུ་དབྱངས་བར་མེད་ལེན་པའི་བརྒྱད་ལྡན་ཉལ་འགྲོ་དྭངས་བསིལ་བསིལ།།

སྐྱེ་ཁམས་སྣོད་བཅུད་ཕུན་སུམ་ཚོགས་པའི་གཙོད་གྲོང་བུ་མོ་འཛུམ་དམུལ་དམུལ།།

མཁས་མཛངས་དཔའ་གསུམ་ཡོན་ཏན་ཀུན་རྫོགས་ཏང་གི་བློ་གྲོས་འོ་མཚོ་ལས།།

ལེགས་འཁྲུངས་དབུལ་ཐར་འབྱོར་ཕྱུག་འཕེལ་བ་ལེགས་བྱས་པདྨའི་དགའ་ཚལ་དུ།།

སྐྱེ་དགུ་བྷྲ་མ་ར་ཡི་ཚོགས་རྣམས་རབ་མྱོས་དར་དིར་སྙན་པའི་དབྱངས།།

མགྲིན་པར་ལེན་ཞིང་འབྱོར་འབྲིང་དཔྱིད་ཀྱི་དཔལ་མོའི་གོམ་སྟབས་དགའ་བས་བསུ།།

བརྗིད་ཆགས་བ་གམ་ཚར་དུ་དངར་བས་སུམ་རྩེན་ཡུལ་ལ་སྐྱེངས་པ་སྟེར།།

ཁོད་ཡངས་གཞུང་ལམ་པ་ཏྲ་ལྟར་བསྣོལ་ཕྱོགས་དང་ཕྱོགས་མཚམས་ཀུན་ལ་བསྲིངས།།

ཕྱི་སྣོད་ཁོར་ཡུག་དག་ཅིང་གཙང་ལ་རྡུལ་གྱི་དྲི་མས་མ་སྦགས་ཤིང་།།

ནང་བཅུད་འགྲོ་བའི་ཀུན་སྤྱོད་གཙང་ལ་ཡ་རབས་དཔལ་ཡོན་གཤིས་ཀྱིས་ཕྱུག།

དབྱར་གསུམ་མེ་ཏོག་གཅལ་དུ་བཀྲམ་ཞིང་ནེའུ་གསིང་གོས་ཀྱི་ཤམ་བུ་གཡོ།།

སྤང་ཐང་ནོར་གྱི་གཡུ་གཞོང་ཕྱུག་མོར་རྟ་ནོར་ལུག་གི་འཕེལ་ཁ་དར།།

སྐྱིད་པའི་འཚོ་བ་གཟེངས་སུ་བསྟོད་པའི་དུས་སྟོན་སྒོ་འཕར་ཅི་ཡང་ཕྱེ།།

ཕྱོགས་ཀྱི་སྐུ་མགྲོན་མ་བོས་ངང་གིས་ཤམ་བྷ་ལ་ཡི་གྲོང་དུ་འདུ།།

ཨེ་མ་སྲིད་འབྱོར་རིག་གསུམ་ལང་ཚོ་ཡར་ཟླའི་དཔལ་ལ་འགྲན་པ་ཡི།།

གཙོད་གྲོང་སྒེག་མོས་སྐྱིད་སྡུག་འདྲེས་མའི་ངོ་མཚར་གཏམ་རྒྱུད་འབྲི་བཞིན་དུ།།

རླབས་ཆེན་ཏང་གི་གཟི་འོད་ཁྲོད་དུ་མ་འོངས་མདུན་ལྗོངས་གསར་བའི་ལམ།།

བརྩོན་པས་སྙེག་ཅིང་དེང་རབས་ཅན་གྱི་ཕུགས་འདུན་འགྲུབ་པར་སྟ་གོན་བགྱི།།

༢༠༢༡ལོའི་ཟླ༥བའི་ཚེས༡༠ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1