འབྲས་བཟང་གིས་དུད་པའི་སྙེ་མ། —— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་ཕུལ་བ།

ཆོས་འཁོར་ལྗང་ལོ། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


སྙན་སྙན་ཚིག་གིས་མཁས་མང་མགུ་བའི་རྨད་བྱུང་ལེགས་བཤད་དོན་ཚང་བ།།

འཇམ་འཇམ་ངག་གིས་འཇེབས་པར་འཁྲོལ་བའི་གྲེ་འགྱུར་བདག་ལ་མི་མངའ་ཡང་།།

དུངས་དུངས་སེམས་ཀྱི་དགའ་མགུའི་དབྱངས་རྟ་ཀུན་ལ་གསལ་བོར་མཚོན་ཕྱིར་དུ།།

སྙན་སྙན་ངག་གིས་ལན་གཅིག་དཀྲོལ་ལོ་སྒྲ་དབྱངས་ལྷ་མོས་ཐུགས་རྗེས་དགོངས།།

གནའ་གནའ་སྔ་མོར་གཙོད་མང་མ་བུ་ཅི་དགར་བག་ཕེབས་རྩེན་པའི་ཡུལ།།

དེང་དེང་འདི་ལ་རླབས་ཆེན་ཏང་གི་ཐུགས་བསྐྱེད་སྨོན་ལམ་འགྲུབ་པའི་གནས།།

ནམ་ནམ་རྗེ་འབངས་ཐམས་ཅད་མི་ཚེའི་བདེ་སྐྱིད་དཔལ་ལ་རོལ་བའི་ཞིང་།།

བསྟོད་བསྟོད་ཚིག་གི་མེ་ཏོག་མཆོད་པ་བདག་སྙིང་དཀྱིལ་ནས་ལན་བརྒྱར་འབུལ།།

ཟབ་ཟབ་ཆོས་ཀྱི་དེ་ཉིད་མ་ལུས་ཕྲ་མོའི་རིག་ལམ་ཡང་དག་གིས།།

མང་མང་ཆོས་སྨྲའི་རིག་འཛིན་ཁྲོད་ནས་བློ་སྤོབས་ཡང་ཡང་བརྡར་བ་ཡི།།

བཟང་བཟང་དཔལ་ལྡན་བཤེས་གཉེན་སྟོང་ཕྲག་དུས་གསུམ་རིས་མེད་བསྟི་བའི་གནས།།

ཡང་ཡང་དར་བའི་རྟེན་འབྲེལ་རྒྱལ་མཚན་ཨ་སྔོན་དབྱིངས་སུ་ལྷབ་ལྷུབ་གཡོ།།

གཞོན་གཞོན་ན་མཉམ་རིགས་མཐུན་སྤུན་ཟླ་གསར་སྐྱེས་རིག་པའི་ལང་ཚོ་བཞད།།

ལྡེམ་ལྡེམ་ཡིད་འོང་ལུས་ཕྲའི་ཚོགས་རྣམས་ཚངས་སྲས་ལྷ་མོའི་གཟུགས་སུ་འཁྲུལ།།

རྒན་རྒན་དབུ་དཀར་ཕ་མེས་དམ་པའི་ལྷག་བསམ་གངས་རིའི་མདངས་སུ་འདྲེས།།

འཛོམས་འཛོམས་གཡང་ཁྱིམ་གྲུ་བཞི་འདི་ལ་བརྩེ་བའི་འོད་སྣང་ཕྱོགས་སུ་འབར།།

འཕེལ་འཕེལ་རྒྱལ་ཁྲིམས་སྲིད་ཇུས་བཟང་བོས་དམངས་རྣམས་བདེ་བའི་ལམ་ལ་བཅུག།

བཞད་བཞད་ཕྱི་ནང་གཉིས་ཀྱི་སྣ་འཛོམས་སྲིད་འབྱོར་མེ་ཏོག་ལྷུག་པོར་གྲོལ།།

འཛུམ་འཛུམ་དགོད་པའི་ཡུལ་འདིའི་དམངས་རྣམས་དགའ་སྤྲོའི་འཛུམ་བག་རྣམ་པར་རྒྱས།།

ཐོབ་ཐོབ་མཆོག་གི་དངོས་གྲུབ་རིན་ཆེན་དགེ་བཅུ་མ་ལུས་ཡོངས་སུ་འཁྱིལ།།

སྙོམས་སྙོམས་སྣུམ་བཟོས་གཞུང་ལམ་ཡངས་མོ་པ་ཊའི་རི་མོ་བསྣོལ་དང་མཚུངས།།

མགྱོགས་མགྱོགས་དེང་རབས་འཕྲུལ་འཁོར་སྐྱེན་པོ་ལྷ་ལམ་སྐར་མདའ་རྒྱུ་བ་བཞིན།།

མཛེས་མཛེས་དཀྱིལ་འཁོར་ཆགས་འདྲའི་གཞས་ཡས་ཁང་གི་བ་གམ་དགུང་ལ་ཟུག།

དུས་དུས་དབྱེར་མེད་བརྩོན་ལྡན་མང་ཚོགས་དགེ་བའི་ལས་ལ་ཅི་ཡང་གཞོལ།།

ཡངས་ཡངས་གཡུ་ཡི་ནེའུ་གསེང་སྔོན་མོར་རྟ་ནོར་ལུག་གསུམ་མཆོང་ལྡིང་རྩེན།།

དྭངས་དྭངས་འཇིངས་ཡངས་རྨ་ཀླུང་དལ་མོར་གསེར་མིག་གཤོག་དྲུག་ཉ་ཆུང་འཁྱུགས།།

སྟུག་སྟུག་ཕ་གིའི་རྒྱ་རྫོང་ནགས་སུ་འདབ་ཆགས་སྐད་སྙན་ལྷང་ལྷིང་འཚེར།།

བསམ་བསམ་དོན་རྣམས་ཡིད་བཞིན་འགྲུབ་པའི་གནས་མཆོག་འདི་ལ་འགྲན་ཟླས་དབེན།།

ཕྱོགས་ཕྱོགས་རྫོང་གྲོང་མི་རིགས་ཀུན་གྱི་འོ་ཆུ་བསྲེས་མའི་བརྩེ་གདུང་ཕྱུག།

གོང་གོང་གཞན་ཕན་དབུ་ཁྲིད་བཟང་བོས་འཁོར་འབངས་བུ་བཞིན་གཟིགས་ཤིང་སྐྱོང་།།

སོ་སོས་རང་གི་ཕུགས་བསམ་ལྷད་མེད་རྟག་ཏུ་འབད་པས་དོན་གཉེར་བ།།

གཅེས་གཅེས་ཡིད་འོང་གཡང་གི་ར་བའི་ངོ་སོ་བསྟོད་དོ་ཨེ་མ་ཧོ།།

འགྲིག་འགྲིག་འཆམ་མཐུན་ཅན་བཞིའི་སྤྱི་ཚོགས་ཞི་བདེའི་སྒྲ་དབྱངས་ཕྱོགས་སུ་མཆེད།།

དམ་དམ་མཐུན་སྒྲིལ་དཔང་རྟུང་བརྟན་པོ་ལྕགས་རི་ཚར་དུ་དངར་བ་བཞིན།།

ཀྱེ་ཀྱེ་སྣོད་ཀྱི་བཀོད་པ་འདི་ནི་སུམ་རྩེན་ཨེ་ཡིན་འཕྱང་མོ་ཉུག།

མཛེས་མཛེས་ཕ་ཡུལ་ཀན་ལྷོ་ཕྱུག་མོ་བསིལ་ལྡན་ཞིང་གི་རྒྱན་དུ་འཁྲུངས།།

བཀྲ་བཀྲ་སྐུ་ལུས་གཞོན་ཤ་རྫོགས་པའི་ཁུལ་འདི་སྤུན་མཆེད་བརྒྱད་གྲངས་སྟེ།།

ཤིས་ཤིས་དགེ་ལེགས་བསོད་ནམས་ཀུན་འབྱུང་ཕུན་ཚོགས་ཕྱྭ་གཡང་གིས་མཚན་པའི།།

བདེ་བདེ་རྟེན་འབྲེལ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་རང་གྲུབ་པས།།

ལེགས་ལེགས་ལྗོངས་འདིའི་ངོ་མཚར་བརྗོད་འདས་གུང་ཁྲན་ཏང་གི་དྲིན་དུ་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1