ཉི་མའི་ཐུ་འོག་གི་མཐོ་སྒང་ (སྙན་ཚོམ)

གངས་སྙེག (ཐེ་བོ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཉི་ཤར་གྱི་སྔ་རོལ།

ཉི་འོད་འདིའི་སྔ་རོལ་ཏུ།

སྐར་ཚོགས་ཀྱི་འཛུམ་ཀོང་གི་ཟེར་མ།

མུན་པས་སྦར་འབྲད་བྱེད་སྟངས་ཤིག་གིས།

མག་མོག་ནས་རབ་རིབ་ཏུ།

མཐོང་ལམ་གཤགས་པའི་གོམ་ཁ་འཁྱོར།

མཐོ་སྒང་གི་བག་ལ་ཞ་བའི་རྣམ་ཤེས་ཚོགས།

མུན་པའི་རྔམ་ཀའི་དཔུང་སྟོབས་ཀྱིས།

ཡོ་ལང་གི་ཚ་བ་རབ་ཏུ་རྒྱས་པས།

རི་སྤྱང་གི་ཟུག་རྔུ་ཇེ་ཉེ་ནས་ཇེ་ཉེ།

གདོད་མ་ནས་མཐོ་སྒང་གི་རྟེན་དུ་གྲུབ་པའི།

རྟ་ནོར་ལུག་གསུམ་གྱི་མཚེར་སའང་།

ཁེར་རྐྱང་དུ་ལྷགས་རླུང་གི་རི་ལ་ཤོར།

ཉི་ཤར་གྱི་རྩེ་མོ།

ཉི་མ་ཤར། ཉི་འོད་འཕྲོ།

ཚ་ཟེར་གྱིས་འཇོམས་པའི་མུན་ནག་གི་རྡུལ་ཕྲན།

དུས་སྙིགས་ཀྱི་ཆུ་རྡུལ་ལ་འདྲེས།

བྱ་བྱིའུ་ཚོགས་ཀྱི་གྲེ་འགྱུར་ཀློང་ནས།

ཆུ་ཕྲན་གྱིས་ཆལ་ཆིལ་ངག་གིས།

རྟ་ནོར་ལུག་གིས་མཆོང་ལྡིང་ལས།

མི་རབས་དུ་མར་བསྙལ་བའི་རྨི་ལམ་དཀྲོགས་སོང་།

ཉི་འོད་དེའང་།

ལོ་ཟླའི་ཆུ་རྒྱུན་གྱི་རླབས་གཉེར་ལས།

ཨ་མའི་བྱམས་བརྩེ་ཡི་དྲོད་ཁོལ་རུམ་ནས།

འདོད་འཇོའི་ནུ་ཞོ་འཇིབ་པའི་དབྱངས་རྟ་ལྟར།

དུས་རབས་ཀྱི་མཁའ་དབྱིངས་སུ་འོད་དུ་འཁྱུག

མཐོ་སྒང་།

ཉི་མའི་ཐུ་འོག་ན་དྲོད་ཀྱིས་བསྐྱངས་པའི།

དཔྱིད་གསར་གྱི་མྱུ་གུ་ནང་བཞིན།

སྐྱེས་སྟོབས་ཀྱི་གོམ་ཁ་རླུང་ལ་བསྒྱུར་ནས།

ཤེས་རིག་གི་གཤོག་པ་རླུང་ལ་བརྡར་དུས།

མཐོ་སྒང་ན་མེ་ཏོག་བཞད་ཅིང་།

གཡུ་སྦྲང་དང་ཕྱེ་ལེབ་ངང་གིས་འདུས།

ལ་ཁའི་དར་ལྕོག་གིས་མགོ་བོ་ལྡེམ་ལྡེམ།

རི་ཁའི་རྫི་བོའི་གྲེ་འགྱུར་སིང་སིང་།

ཀ་ཁའི་དབྱངས་ལ་བརྒྱུས་ནས།

སློབ་རའི་མཁའ་དབྱིངས་སུ་ངག་ལ་གྱེར་དུས།

བསིལ་རླུང་གིས་སྒུལ་བའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད།

ཤེས་རིག་གི་བང་ཁ་འགྲན་པའི་རྫི་བོ།

དབྱངས་གསལ་གྱི་མགྲིན་སྒྲ་སྙན་པའི་བུང་བ།

བྲིས་གཟུགས་ཀྱི་འཁྱུག་རྩལ་མངོན་པའི་ཕྱེ་ལེབ།

མཐོ་སྒང་གི་དཔྱིད་དུ་མ་ལོའི་བྱམས་བརྩེ་བཞིན་སྨིན།

མཐོ་སྒང་ཡང་སྨན་ཤར་མའི་ཚུལ་གྱིས།

ཉི་འོད་ཀྱི་པང་དུ་ཨ་མའི་བརྩེ་བར་འཁྱུད།

མ་གཞི་ཨ་མའི་བརྩེ་འཛུམ་གྱི་བཞིན་རས་སུ།

དཀའ་སྡུག་གི་ལོ་ཟླའི་གཉེར་རིས་ཕབ་འདུག

ཨ་མ ཁྱེད་ཀྱིས་དཀའ་ལས་མྱངས་སོང་།

མ་ལོའི་སྐྱེས་སྐར།

ཨ་མ། ཉི་མའི་འོད་ཀྱིས་བཀར་བའི་མ་ལོ།

དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཏེ།

ཁྱེད་ཀྱི་ཀྱག་ཀྱོག་གི་གཉེར་མས་བྲིས་པའི།

ལོ་འཁོར་བརྒྱ་ལོན་པའི་སྐྱེས་སྐར་ཡིན།

ཁྱེད་ཀྱིས་བརྩེ་བས་སྦར་བའི་སྒྲོན་མེའི་སྡོང་རྐང་།

ས་ཆེན་གྱི་ལྟེ་བར་བཙུགས་ཏེ།

སྟོབས་འབྱོར་མངའ་ཐང་རྒྱས་པའི་སྐལ་བཟང་ལ།

འཚེ་མེད་ཞི་མཐུན་ཡོང་བའི་སྨོན་འདུན་གྱིས།

རིགས་སོ་སོས་ཁྱེད་ལ་སྐྱེས་སྐར་གྱི་བསྟོད་གླུ་དབུལ་ངེས།

ང་ཡི་མེས་རྒྱལ ང་ཡི་ཏང་།

ཁྱེད་ཀྱི་སྐྱེས་སྐར་ལ།

ཚིག་དུམ་གྱིས་གྲོལ་བའི་རི་སྒང་གི་མེ་ཏོག་འབུལ།

ཁྱེད་ཀྱི་སྐྱེས་སྐར་ལ།

མཐུན་སྒྲིལ་གྱིས་ཨ་ལོང་བརྒྱུས་པའི་སེའུ་འབྲུ་བཤམས།

ད་དུང་ཁྱེད་ཀྱི་སྐྱེས་སྐར་ལ།

སྤྲིན་དཀར་གྱི་འདབ་མ་གཡོ་བའི་གངས་རིའི་ཁ་བཏགས་འབུལ།

ང་ཡི་མེས་རྒྱལ། ང་ཡི་ཏང་།

༢༠༢༡ • ༤ • ༢༩ ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1