ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེ་མ་བརྗེད།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེ་མ་བརྗེད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཀ་ཁའི་གདངས་དབྱངས་སྙན་མོ་ཕྱོགས་ཀུན་ཏུ་ཁྱབ་ལ།།

ཁ་སེམས་གཅིག་ཏུ་མཐུན་པའི་སྤྲོ་དགའ་ཡིས་ཁེངས་པ།།

ག་དུས་ཡིན་ཡང་བདེ་སྐྱིད་དགོད་སྒྲ་ཡིས་སྙན་པ།།

ང་མིན་ཁོ་ཡིན་སོགས་ཀྱི་རྩོད་པ་ཡིས་དབེན་པ།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ཅ་ཅོའི་འུར་སྒྲ་སྒྲོག་པའི་ཁྲོམ་ཚོགས་སུ་སོང་ན།།

ཆ་ལུགས་མི་གཅིག་སོ་སོའི་ཁྱད་ཆོས་དེ་འཛིན་ཀྱང་།།

ཇ་ཆང་ཟས་སོགས་གོམས་སྲོལ་གཅིག་པ་ནི་མིན་ཡང་།།

ཉ་གང་ཟླ་བ་ལྟ་བུའི་མཛེས་སྡུག་དེ་མངོན་པ།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ཏ་ལའི་སྡོང་བོ་ལྟ་བུའི་བསིལ་དྲོད་དེ་སྦྱིན་ལ།།

ཐ་ཆད་སྤྱོད་པའི་རྟུལ་ཞུགས་རྒྱང་རིང་དུ་དོར་བ།།

ད་ལྟའི་དུས་ཀྱི་ཚན་རིག་རྒྱ་ཁྱབ་དུ་དར་བ།།

ན་ནིང་ད་ལོ་འཕེལ་རྒྱས་ཇེ་མགྱོགས་ནས་ཇེ་མགྱོགས།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

པ་ཏྲ་ལྟ་བུའི་གཞུང་ལམ་རྒྱ་ཁྱབ་ཏུ་དར་ལ།།

ཕ་གཞིས་དྲོན་མོ་སྟོབས་འབྱོར་རྒྱུ་ནོར་གྱིས་གང་བ།།

བ་གམ་ཅན་གྱི་ཁང་ཁྱིམ་བརྗིད་པོ་དག་བསྐྲུན་པ།།

མ་སྲུ་བུ་མོའི་རྒྱན་གོས་གཟབ་འཆོར་གྱིས་བརྒྱན་པ།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ཙ་ར་ཟེར་བའི་ཁྲིམས་སྲོལ་ངན་པ་དག་དོར་ལ།།

ཚ་གདུང་བསྐྱེད་པའི་སྡུག་བསྔལ་མྱངས་དགོས་ཀྱང་མེད་པ།།

ཛ་ལང་སྤྱོད་པའི་གཤིས་རྒྱུད་ངན་པ་ཡང་དབེན་པ།།

ཝ་མོས་འཁྲབ་པའི་གཡོ་སྒྱུའི་ངང་ཚུལ་སོགས་དཀོན་པ།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ཞྭ་སོགས་གོས་ཀྱི་རྒྱན་ཆ་གང་འདོད་དུ་ཡོད་ལ།།

ཟ་མའི་རིགས་སྣ་མི་གཅིག་ཅི་འདོད་ཀྱིས་གང་བ།།

འ་འུར་སྐྱིད་པའི་དགོད་སྒྲས་གང་ཡིན་སར་ཁྱབ་པ།།

ཡ་བྲལ་མ་སོང་གཅིག་སེམས་གཅིག་ཏུ་སྦྲེལ་བ་ནི།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ར་རིའི་དྲི་མས་མ་གོས་ནང་སེམས་ཀྱི་འཇིག་རྟེན།།

ལ་ལུང་མཛེས་པས་གང་བ་ཕྱི་སྣོད་ཀྱི་འཇིག་རྟེན།།

ཤ་བ་རི་དྭགས་སོགས་ཀྱང་བག་ཡོད་ངང་རྒྱུ་བ།།

ས་གསུམ་ཡོངས་ལ་བདེ་ལྡན་སྤྲོ་སྐྱིད་ཀྱིས་ཁེབས་པ།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེའི་དྲིན་ཡིན།།

ཧ་ལམ་ཙམ་ཞིག་བརྗོད་ན་དེ་འདྲ་ཞིག་ཡིན་པ།།

ཧ་ཅང་བསྟོད་པ་ཐལ་ན་སྙིང་བོ་རང་མེད་པས།།

ཨ་མའི་བུ་མོ་ཡིན་ན་ཚང་མ་དེ་ཤེས་ཡོད།།

ཨ་ཕའི་བུ་ཞིག་ཡིན་ན་གང་ཡོད་ཚད་རྟོག་པས།།

ཏང་གི་བཀའ་དྲིན་རིན་ཆེན་ནོར་བུ་དེ་མ་བརྗེད།།


རྩོམ་ཡིག་རྗེས་མ།
ལོ་བརྒྱའི་སྙན་ངག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1