ལོ་བརྒྱའི་སྙན་ངག

ཅོར་འཇམ། (ཀླུ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


སླེབས་བྱུང་།

ལོ་བརྒྱའི་དུས་ཆེན་སླེབས་བྱུང་།

ལོ་ངོ་བརྒྱ་ཕྲག་གཅིག་སྡོམ་ནས་སླེབས་བྱུང་།

ལོ་ངོ་བརྒྱ་ཕྲག་གཅིག་གི་ཟབ་ཚད་སྡོམ་ནས་སླེབས་བྱུང་།

དུས་རབས་གཅིག་གི་མཐར་ཕྱིན་དཔང་ཡིག་ཁྱེར་ནས་སླེབས་བྱུང་།

ཕྱིར་ལྡོག་མེད་པའི་ལོ་རྒྱུས་ཀྱི་རྟ་མཆོག་ལ་ཆིབས་བསྒྱུར་གནང་ནས་སླེབས་བྱུང་།

ལོ་ངོ་བརྒྱ་ཐམ་པ།

ཁྱོད་ནི་མེ་ལོང་མ་ཡིན་ཀྱང་།

དུས་ལ་མཚོན་ན་ལོ་བརྒྱའི་ལོ་རྒྱུས་གསལ་བའི་མེ་ལོང་ཞིག་དང་འདྲ།

ལོ་ངོ་བརྒྱ་ཐམ་པ།

ཁྱོད་ནི་དེབ་ཐེར་མ་ཡིན་ཀྱང་།

ཡུལ་ལ་མཚོན་ན་ས་ཁམས་ཆེན་པོ་ཞིག་གི་དཀྱིལ་འཁོར་མཚོན་པའི་དེབ་ཐེར་ཞིག་དང་འདྲ།

ལོ་ངོ་བརྒྱ་ཐམ་པ།

ཁྱོད་ནི་རྡོ་རིང་མ་ཡིན་ཀྱང་།

དོན་གྱི་ངོ་བོའི་སྟེང་ནས།

ཐ་ན་སྐར་ཆ་རེ་རེའང་བདེན་དཔང་དུ་འཇོག་ཆོག་པའི་བསྐལ་བའི་རྡོ་རིང་ཞིག་དང་འདྲ།

ལོ་ངོ་བརྒྱ་ཐམ་པའི་འཐབ་འཛིང་གི་རྔུལ་ཁྲག་ལས།

དུས་རབས་གཅིག་གི་སྤྱི་ཚོགས་གསར་རྙིང་གི་གནས་སྟངས་བརྒྱུད་མྱོང་།

ཉིན་སྲིབ་གཉིས་ཀྱི་ཚ་གྲང་གི་སྐྱིད་སྡུག་རེས་མོས་སུ་མྱངས་མྱོང་།

དབྱར་དགུན་གཉིས་ཀྱི་མངར་སྐྱུར་གྱི་བྲོ་བ་སོ་སོ་རུ་བཞེས་མྱོང་།

མི་རབས་ཤིག་གི་ཁྲག་གི་གསེང་ལམ་ན་འཐིམས་པའི་དམར་བོ་མཚལ་དེ།

རྒྱལ་ཁབ་ཅིག་གི་རུས་པའི་གཏིང་རིམ་ན་ཆགས་པའི་སྣུམ་པོ་རྐང་དེ།

མི་སེར་དཀྱུས་མ་མང་བོའི་སྙིང་གི་དཀྱིལ་དབུས་ན་མཆེད་པའི་ཉི་མའི་ཁྱིམ་དེ།

ཐོག་མའི་དུས་སུ།

དྲོད་དང་འོད་ཀྱི་མེ་སྟག་ཇི་བཞིན་མཚན་མོ་ཞིག་གི་བྲང་གཞུང་ལ་སྦར་སོང་།

མུན་ནག་གི་འཇིག་རྟེན་མཐར་སྤྲད་པའི་ནམ་ལངས་ཀྱི་ཞོགས་པ་ཇི་བཞིན་སད་སོང་།

དཔྱིད་དཔལ་གྱི་རླུང་བུ་ཇི་བཞིན་རི་ལུང་གི་ཁོར་ཡུག་ཀུན་ལ་ལྡང་སོང་།

ལྗང་མྱུག་གི་སྐྱེས་སྟོབས་ཇི་བཞིན་ཚེ་སྲོག་གི་རྩ་བ་ས་ཆེན་པོའི་སྟེང་ནས་ཚུགས་སོང་།

དེ་ལྟར།

དུས་འགྱུར་ཆེན་པོ་ཞིག་གི་འོབས་ནང་ནས་ཕམ་མྱོང་རྒྱལ་མྱོང་།

ཀྱག་ཀྱོག་གི་ལམ་ཕྲན་སྟེང་ནས་འགྱེལ་མྱོང་ལངས་མྱོང་།

དཀར་ནག་གི་ཉིན་སྲིབ་གཉིས་ལས་ཚ་མྱོང་གྲང་མྱོང་།

ཞི་བདེ་དང་ཟིང་འཁྲུག་བར་ནས་སྲེག་བཅད་བརྡར་བའི་གསེར་ཇི་བཞིན་བཙོ་སྦྱངས་བྱས་མྱོང་།

ལོ་ངོ་བརྒྱ་ཡི་རིང་ལ།

དཔལ་ཡོན་གྱི་ལམ་དུ་ཞབས་ཀྱིས་བཅགས་ནས།

རང་དབང་གི་ནམ་མཁའ་ཡངས་པོར་ཕྱེས་ནས།

ཁྲིམས་སྐྱོང་གི་རྒྱུ་འབྲས་སྲང་ལ་འཇལ་ནས།

ཞི་མཐུན་གྱི་འཚོ་སྡོད་བརྩེ་བས་བསྐྱངས་ནས།

རྒྱལ་གཅེས་ཀྱི་བསམ་བློ་མཐོན་པོར་བཀྱགས་ནས།

ལས་བཀུར་གྱི་བདག་གཞན་མཉམ་དུ་བརྗེ་ནས།

ཡིད་རྟོན་གྱི་བདེན་པ་དཔང་དུ་བཞག་ནས།

དྲང་བདེན་གྱི་རྩ་དོན་མདུང་བཞིན་བསྒྲེངས་ནས།

འདྲ་མཉམ་གྱི་མངའ་སྡེ་ཞོ་བཞིན་ཆགས་ནས།

མཐུན་སྒྲིལ་གྱི་རྡོག་རྩ་གདུགས་བཞིན་ཕུབ་ནས།

དམངས་གཙོ་ཡི་དགོངས་པ་སྙིང་བཞིན་གཅེས་ནས།

འབྱོར་ཕྱུག་གི་རྩེ་ལ་མདའ་བཞིན་སྙེག་པ་ནི།

ངོ་མཚར་ཡིད་དུ་འོང་བའི་ལོ་ཟླའི་སྒྲུང་རབས་རེ་རེ་མ་ཡིན་ནམ།

སྒྲུང་རབས་རེ་རེ་ནི་དུས་ཀྱི་མངལ་དུ་ཆགས་པའི།

རྨི་ལམ་ལྟ་བུའི་ཕུགས་བསམ་རེ་རེ་མངོན་འགྱུར་བྱེད་སྟངས་ཀྱང་ཅི་ལ་མ་ཡིན་ནམ།

ལོ་ངོ་བརྒྱ་ཡི་བཞུད་སྟངས་དེ་ལས།

བདག་གིས་མི་རབས་དུ་མའི་ལོ་ཟླ་ཀློག་ཐུབ།

ལོ་ཟླ་དེ་དག་གོང་བུ་གཅིག་ཏུ་སྒྲིལ་བ་ལས།

ངས་དུས་རབས་གཅིག་གི་དཔུང་རྡང་ལང་ལོང་མྱོང་ཐུབ།

ད་ནི་འབྲུག་སྒྲ་མཐོ་བའི་དབྱར་ཁ་ཞིག་གྲགས་བྱུང་།

ད་ནི་ལོ་རྒྱུས་ལྟ་བུའི་རྡོ་རིང་ཞིག་བསླངས་བྱུང་།

ད་ནི་ཉི་མའི་འོད་ཀྱི་དྲོད་ཁོལ་ཞིག་མཆེད་བྱུང་།

ལོ་ངོ་བརྒྱ་ཡི་དུས་ཆེན་སླེབས་བྱུང་།

ཐ་སྙད་ཀྱི་སེར་ཕྲེང་བསྒྲིགས་ནས་དགའ་བསུ་བྱེད།

སྙན་ངག་གི་མེ་ཏོག་མཆོད་ནས་རྟེན་འབྲེལ་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1