[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཨེ་ཆུ་གསུམ་རྫོང་གི་གནའ་བོའི་གནས་ཁྱད་པར་ཅན་ལྷ་དབྱེ་ལྷ་སྤྱི་བགངས་སམ་ཨེ་ལྷ་སྤྱི་དཀར་དང་། གང་པར་རམ་གངས་པར་ཞེས་པའི་ས་མིང་གཉིས་ཏུན་ཧོང་གཏེར་ཡིག་དང་ཕྱིས་ཀྱི་ལོ་རྒྱུས་ཡིག་ཚང་དུ་ཇི་ལྟར་བྱུང་ཚུལ་དང་། གནས་དེ་གཉིས་ཀྱིས་ཨེ་ཡུལ་གྱི་གནའ་རབས་ལོ་རྒྱུས་སུ་ཟིན་པའི་གནས་བབ། ད་ལྟའི་གནས་ཡུལ་གང་དུ་ཡིན་མིན་ཐད་ལུང་དང་རིགས་པའི་སྒྲུབ་བྱེད་ཟུང་ལ་བརྟེན་ནས་དཔྱད་གླེང་བགྱིས་ཡོད།
[གནད་ཚིག] ཨེ། དབྱེ་ལྷ། གང་པར། གངས་བར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0068-12
དབྱེ་ཞེས་པ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་ལྟེ་བ་བྱས་པའི་ས་ཆའི་གནའ་བོའི་ས་མིང་ཞིག་ཡིན་ཞིང་། དུས་རབས་རིམ་བྱུང་ནང་དབྱེ་དང་། གཡེ། ཨེ་བཅས་འབྲི་སྲོལ་མི་འདྲ་བ་གསུམ་བྱུང་ཡོད། ཨེ་ཆུ་གསུམ་རྫོང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ཕྱོགས་དང་ཆུ་མོ་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་ངོགས་རོང་སར་ཆགས་ཤིང་། ཤར་གྱི་གཞུང་ཐིག་92.7-92.12དང་བྱང་གི་འཕྲེད་ཐིག་29.18-29.42ལ་གནས་ཡོད། དེའི་ཕྱོགས་བཞི་རི་བོ་མཐོན་པོས་མུ་ཁྱུད་དུ་བསྐོར་བ་དང་། ཆ་སྙོམས་ས་བབ་མཚོ་རྩིས་མཐོ་ཚད་སྨི་4200ཡན་ཟིན་ཞིང་། རྫོང་གྲོང་གནས་ཡུལ་སྡེ་པ་ལྷ་རྒྱ་རི་བའི་སྤྲོ་ཁང་ཁུལ་གྱི་ས་བབ་མཚོ་རྩིས་མཐོ་ཚད་སྨི་3896ཙམ་ཡོད། རྫོང་གྲོང་ནས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་དབར་སྤྱི་ལེ་57ཡོད་པ་དང་། ལྷ་སའི་གོང་དཀར་གནམ་ཐང་དང་བར་ཐག་སྤྱི་ལེ་147ཡོད་ཅིང་། ལྷ་ས་དང་བར་ཐག་སྤྱི་ལེ་215.18བཅས་ཡོད། བྱང་ངོས་ཟངས་རི་རྫོང་དང་། ལྷོ་ངོས་ལྷུན་རྩེ་རྫོང་། ཤར་ངོས་རྒྱ་ཚ་རྫོང་། ནུབ་ངོས་སྣེ་གདོང་རྫོང་བཅས་དང་ས་འབྲེལ་ཡིན། བོད་ཞི་བའི་བཅིངས་འགྲོལ་མ་བཏང་གི་ཡར་སྔོན་དུ་བོད་བཙན་པོའི་གདུང་རྒྱུད་འཁྲུལ་བ་མེད་པ་སྡེ་པ་ལྷ་རྒྱ་རི་བའི་ལྷ་བཙན་པོ་རིམ་བྱོན་གྱིས་དབང་བསྒྱུར་བ་དང་། 1959ལོར་ལྷ་རྒྱ་རི་རྫོང་མི་དམངས་སྲིད་གཞུང་བཙུགས། 1965ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་གསེར་ཆུ་[1]དང་། རྒྱལ་ཐང་ཕུ་ཆུ།[2] གོང་པོ་ཕུ་ཆུ་[3]བཅས་བཞུར་ཁུལ་གྱི་ཡུལ་གྱི་ཆགས་དབྱིབས་དམིགས་བསལ་བ་ལ་བལྟོས་ནས་རྫོང་མིང་ཆུ་གསུམ་རྫོང་ཞེས་པར་བསྒྱུར། དབྱེ་དང་། གཡེ། ཨེ་བཅས་པའི་མིང་ཇི་ལྟར་ཐོགས་ཚུལ་གྱི་སྐོར་ལ་གུས་པས་《བོད་ལྗོངས་ཞིབ་འཇུག་》2020ལོའི་དུས་དེབ་གཉིས་པའི་ཐོག་སྟོད་ཀྱི་རྒྱལ་ཕྲན་སིལ་མ་བཞི་བཅུའི་གྲས་དབྱེ་མོ་ཡུལ་བཞིའམ་ཡུལ་དྲུག་གནད་དུ་བྱས་ཏེ་《དབྱེ་མོ་ཡུལ་བཞིའམ་དྲུག་ངོས་ཇི་ལྟར་འཛིན་ཚུལ་གྱི་དཔྱད་ཞིབ་》ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པས། ཞིབ་ཆ་མཁྱེན་འདོད་ན་དེ་ལ་གཟིགས་པར་འཚལ་ཞེས་གསལ་འདེབས་ཞུའོ། །སྐབས་འདིར་གླེང་བྱ་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་སུ་གསལ་བའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཨེ་ཆུ་གསུམ་རྫོང་ཁུལ་གྱི་གནའ་བོའི་ས་མིང་ཁྱད་པར་ཅན་དབྱེ་ལྷ་དང་གང་པར་གྱི་སྐོར་ཡིན་ཞིང་། གཉིས་ཀ་ཨེ་ཡུལ་གྱི་གནའ་རབས་ལོ་རྒྱུས་སྟེང་གི་གལ་ཆེའི་ས་མིང་ཡིན་པ་གང་ཞིག གནས་ཡུལ་ལ་ཤེས་རྟོགས་བྱེད་པའི་ཐད་དེ་གཉིས་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱེད་པའི་ནུས་པ་ལྡན་པའི་དབང་གིས་ལྷན་ཅིག་ཏུ་དཔྱད་གླེང་ཞུས་པ་ཡིན། ལར་དབྱེ་ལྷ་ཞེས་པ་སྲིད་པའི་ལྷ་ཞིག་ཡིན་ནའང་། འདི་ཉིད་གང་ཡིན་པ་ངོས་འཛིན་དགོས་ཚེ་སྲིད་པའི་ལྷ་རབས་ཀྱི་བྱུང་བར་གཏུག་དགོས་པར་མ་ཟད། གང་དུ་ཡོད་མིན་བརྟགས་ཚེ་གནས་རི་ཞིག་ལ་ངེས་པར་གཏུག་དགོས་པས་གནས་ཀྱི་མིང་ཡིན་པ་དང་། གང་པར་ནི་ཡུལ་གྱི་མིང་འཁྲུལ་མེད་ཡིན་ཕྱིར། དོན་གྱི་འབབ་ས་གནས་ཁྱད་པར་ཅན་གཉིས་ལགས་སོ། ། གནས་ཁྱད་པར་ཅན་དེ་གཉིས་ཀྱི་མིང་དང་བཅས་པ་ལོ་རྒྱུས་ཡིག་ཚང་ན་མང་ཙམ་ཐོན་པས། བོད་ཀྱི་ལོ་རྒྱུས་སྤྱི་དང་སྒོས་སུ་ཆུ་གསུམ་གྱི་གནའ་རབས་ལོ་རྒྱུས་ཁྲོད་ཀྱི་གླེང་བྱ་གལ་ཆེན་ཞིག་ཡིན་ཁར། དུས་ཕྱིས་བོན་གྱི་ཡིག་ཆ་རྣམས་སུ་དེ་གཉིས་ཀ་གླེང་མང་བ་ཞིག་ཡིན་པས། གལ་འགངས་ཆེན་པོ་ཡིན་པ་བསྙོན་དུ་མེད། འོན་ཏེ་རང་ཉིད་ལ་བོན་གྱི་ཡིག་ཆ་ཁུངས་མ་རྣམས་བཙལ་འཚོལ་བྱེད་པའི་ནུས་པས་དབེན་ཞིང་། རྙེད་པའི་དཔྱད་ཡིག་འགའ་ཡང་ཁུངས་དག་མིན་ཅི་རིགས་སྣང་བས། འདིར་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》སོགས་སུ་བོན་གྱི་ཡིག་ཆ་ཁུངས་མར་གཞི་བཅོལ་ནས་བྲིས་པ་རྣམས་མ་གཏོགས། བོན་གྱི་ཡིག་ཆ་གཞན་ལས་བྱུང་བའི་དབྱེ་ལྷ་དང་ཨེའི་གང་པར་སྐོར་ལ་ཁུངས་སྣེ་བཅོལ་མེད།
དང་པོ། དབྱེ་ལྷ་སྤྱི་བགངས།
ཏུན་ཧོང་གཏེར་ཡིག་P.T.1060ལས། “དབྱེ་མོ་ཡུལ་དྲུག་ནའ་རྗེ་དབྱེ་རྗེ་འྀ་མཁར་པའ། ལྷ་དབྱེ་བླ་སྤྱི་བགངས། །” ཞེས་བྱུང་བ་དང་། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ། “ཁུ་བཟའ་ཁུ་མ་དང་བཤོས་པའི་སྲས། ཡར་ལ་ཤམ་པོ་དང་གཅིག འཆིམས་ཡུལ་ནག་པོ་དགུ་སུལ་དུ་བྱོན་ནས། ཁབ་ཁ་བཟའ་ཧོར་སྨན་དང་བཤོས་པའི་སྲས་འཆིམས་ལྷ་ཐན་ཚོ་དང་གཉིས། ཁབ་ཕྱི་མོ་གཡག་སྔོ་མ་དོན་བཤོས་པའི་སྲས། གཅེན་དབྱེ་ལྷ་སྤྱི་དཀར། གཅུང་གྲོ་ལ་གང་བུ་”[4]ཞེས་བྱུང་། 《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ། “ཨེ་ཡུལ་དྲུག་ཏུ། ཨེ་མོ་ཐང་ང་དང་བཤོས་པས་ཨེ་ལྷ་སྤྱི་དཀར་འཁྲུངས་”ཞེས་དང་། “ཨེར་ཨེ་ལྷ་དཀར་པོ་”[5]ཞེས་སོགས་བྱུང་། ཏུན་ཧོང་གཏེར་ཡིག་ཏུ་བྱུང་བའི་ལྷ་དབྱེ་བླ་སྤྱི་བགངས་དང་། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》དང་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ་བྱུང་བའི་དབྱེ་ལྷའམ་ཨེ་ལྷ་སྤྱི་དཀར་གཉིས་ཀ་དབྱེ་ལྷའི་མཚན་ཡིན་པ་གང་ཞིག ཁུངས་དེ་གསུམ་གར་དབྱེའམ་ཨེ་ཡི་ཡུལ་མིང་ཚིག་ཟིན་དུ་གསལ་བར་བསྟན་པ་ཆ་མཚུངས་པ་དང་། སྤྱི་བགངས་དང་སྤྱི་དཀར་གཉིས་ཀྱི་མིང་མཐའི་ཚིག་གྲོགས་མི་འདྲ་བ་ཙམ་ལས་སྒྲ་དབྱུང་སྟངས་ཀྱང་ཉེ་བས་དེ་གཉིས་གཅིག་ཡིན་པ་བསྙོན་དུ་མེད།
《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ། གསང་བ་བོན་གྱི་ལུགས་སུ་གཉའ་ཁྲི་བཙན་པོ་གདོད་ཁམས་ལྷ་ལས་ཆད་སྐད་པ་སྟོད་ལྷ་རབས་སམ་ཡོ་ག་ལྷ་གྱེས་ཅན་གྱི་དབང་དུ་བྱས་ཏེ་བརྗོད་པའི་སྐབས་དབྱེ་ལྷ་སྤྱི་དཀར་གྱི་བྱུང་བ་ཇི་ལྟར་བསྟན་ཚུལ་ལྷ་རབས་ནི། ཐོག་མར་གསེར་གྱི་མེ་ཏོག་སེར་པོས་ཡབ་ཀྱི་རྒྱུ་བྱས། གཡུའི་པད་མ་སྔོན་པོས་ཡུམ་གྱི་རྒྱུ་བྱས་ནས། སྲིད་པའི་ལྷ་རྗེ་ཁ་དང་སྐྱོལ་མེད་བྱ་བ་བྱུང་། དེ་དང་ཡུམ་དབྱིངས་ཀྱི་སྐྱོལ་མེད་ཀྱི་སྲས་མེས་རྣམ་ལ་ཀར་གསུམ་བྱུང་། དེ་དང་ཕྱ་ཟ་ཡེ་ཐན་མ་རུའི་སྲས་སྐར་མ་ཡོལ་ལྡེ་བྱུང་། དེ་དང་གཡུ་རི་ཕྱུག་མོའི་སྲས་ལྷ་རབས་མཆེད་བཞི་སྟེ། དཀར་ནམ་རྒྱལ་བ་དང་། ལྟིང་རྒྱུ་དཀར་པོ། ལྷ་ཁྲི་ཤེལ་དཀར། ཐ་ཆུང་རྩེར་རྩེར་བཅས་བྱུང་། ཁྲི་ཤེལ་དཀར་པོ་ལས་རྗེའི་མགུར་ལྷ་མཆེད་གསུམ་སྟེ། ཕྱི་ལྷ་ཐོག་དཀར་དང་། བར་ལྷ་འོད་འབར། ནང་ལྷ་གུང་རྒྱལ་བཅས་བྱུང་། རྗེའི་མགུར་ལྷ་མཆེད་གསུམ་ལས་མཆེད་པ་གནམ་ཐེན་ཆེ། དེའི་སྲས་རྒུང་ཐེན་ཆེ། དེའི་སྲས་སྤྲིན་ཐེན་ཆེ། དེའི་སྲས་ཟིལ་ཐེན་ཆེ། དེའི་སྲས་ཆར་ཐེན་ཆེ། དེའི་སྲས་མོང་ཐེན་ཆེ། དེའི་སྲས་གནམ་ལ་རོང་རོང་རྣམས་རིམ་པར་བྱུང་། གནམ་ལ་རོང་རོང་དང་དབྱལ་ཆ་མ་ཏིང་ལ་སྲས་ཡབ་སྟག་ཆ་ཡོལ་ཡོལ་བྱུང་། དེ་དང་ཡུམ་ཚེ་ཟ་ཁྱད་ཁྱུད་ཀྱི་སྲས་སྲིད་པའི་ལྷ་རབས་མཆེད་བཞི་སྟེ། ཡབ་ལྷ་བརྡལ་དྲུག་དང་། ཕྱ་ལྷ་བྲམ་ཆེན། རྒྱ་ལ་འབྲོང་ནམ། འོ་དེ་གུང་རྒྱལ་བཅས་བྱུང་། འོ་དེ་གུང་རྒྱལ་གྱིས་གནམ་གྱི་ཐང་ང་དགུ་དང་བར་གྱི་ཐང་ང་དགུ་ལ་བཤོས་པའི་སྲས་ཤིན་ཏུ་མང་བ་སོགས་ཀྱིས་མི་མང་གི་ལྷར་གཤེགས་ཤིང་ལྷ་དགུའི་ཡབ་ཏུ་གྱུར་ཏོ། ། འོ་དེ་གུང་རྒྱལ་དང་ཁབ་མི་འདྲ་བ་བཤོས་པའི་སྲས་ཇི་ལྟར་བྱུང་ཚུལ་ནི། དེ་དང་ཁུ་བཟའ་ཁུ་མ་ཡི་སྲས་ཡར་ལྷ་ཤམ་པོ་དང་། དེ་དང་ཁབ་ཁ་བཟའ་ཧོར་སྨན་གྱི་སྲས་འཆིམས་ལྷ་ཐན་ཚོ། དེ་དང་ཁབ་ཕྱི་མོ་གཡག་སྔོ་མ་དོན་གྱི་སྲས་གཅེན་དབྱེ་ལྷ་སྤྱི་དཀར་དང་། གཅུང་གྲོ་ལ་གང་བུ། དེ་དང་ཁབ་བྱ་བཟའ་མཐོང་སྨན་གྱི་སྲས་གཅེན་རྩང་ལྷ་དར་དང་། གཅུང་རྩ་ལྷ་བྱེའུ། དེ་དང་ཁབ་ཐང་ང་ཐང་གི་སྲས་དྭགས་ལྷ་སྒམ་པོ། དེ་དང་སྲིན་བཟའ་སྦྱར་ལྕམ་མ་ཡི་སྲས་ཐང་ལ་ཡར་བཞུར། དེ་དང་ཐང་ང་ཀོང་མོ་ཐར་གྱི་སྲས་ཀོང་ལ་དེ་ཡག དེ་དང་ཆབ་སྨོན་མོ་ཐང་གི་སྲས་སྒམ་པོའི་ལྷ་སྲས་བཅས་སོ། །[6]
《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ་འོ་དེ་གུང་རྒྱལ་གྱི་བྱུང་རབས་ལ་བཞེད་པ་མི་མཐུན་པ་རེ་ཟུང་དྲངས་ཡོད་ཀྱང་། གཙོ་བོ་གཞུང་ཁུངས་མ་འགའ་ཞིག་ལ་གཏུགས་ནས་སྲིད་པའི་ལྷ་རབས་མཆེད་བཞི་སྟེ། ཡབ་བརྡལ་དྲུག་དང་། ཕྱ་ལྷ་བམ་ཆེན། རྒྱ་ལ་འབྲོང་རྣམ། འོ་དེ་གུང་རྒྱལ་བཅས་ཀྱི་སྐོར་བརྗོད་ཡོད་ཅིང་། སྒོས་སུ་འོ་དེ་གུང་རྒྱལ་བོད་ཡུལ་གླིང་དགུའི་བདག་པོར་བཞུགས་ཚུལ་གསུངས་ཡོད་ལ། ལྷ་སྲས་མཆེད་དགུའམ་ལྷ་སྲས་མང་དུ་བྱུང་ཚུལ་འཆད་པ་རྣམས་ཆེས་ཁ་གསལ་བར་གསུངས་ཡོད། དེ་ཡང་། འོ་དེ་གུང་རྒྱལ་དང་ཤེས་བུར་བཙུན་མོའི་སྲས་གཅེན་འོད་གུང་རྒྱལ་དང་། རྒྱུ་ལྷ་ཕོ་བོང་། དེ་དང་ཐང་ང་གཙང་མོའི་སྲས་གཙང་ལྷ་ཕུ་དར། དེ་དང་ཐང་ང་སྐྱིད་མོའི་སྲས་སྐྱིད་ལྷ་བྱ་མ། དེ་དང་ཐང་ང་མདོ་མོའི་སྲས་མདོ་ལྷ་རི་བོ། དེ་དང་ཐང་ང་ཡར་མོའི་སྲས་ཡར་ལྷ་ཤསྦྷོ། དེ་དང་གཉལ་མོ་ཐང་ངའི་སྲས་གཉལ་ལྷ་སྦྱར་པོ། དེ་དང་ཨེ་མོ་ཐང་ངའི་སྲས་ཨེ་ལྷ་སྤྱི་དཀར། དེ་དང་ཐང་ང་མཆིས་མོའི་སྲས་མཆིམས་ལྷ་ཐང་ཚོགས། དེ་དང་ཐང་ང་དྭགས་མོའི་སྲས་དྭགས་ལྷ་སྒམ་པོ། དེ་དང་ཐང་ང་ཀོང་པོའི་སྲས་ཀོང་བཙུན་དེ་མོ་བཅས་བྱུང་ཚུལ་གྱི་ལུགས་གཅིག་དང་། ཡང་དེ་དང་གཡུ་བྱ་གཤོག་གཅིག་གི་སྲས་གཉན་ཆེན་ཐང་ལྷ་ཞེས་སོགས་ཀྱི་ལུགས་གཅིག་ཀྱང་ཡོད་ཚུལ་གསུངས་འདུག་ཀྱང་ཞིབ་ཆ་མི་གསལ། གཞན་ཡང་། ཡུལ་ཁམས་སྒང་གཙང་སྟོད་ན་དྭགས་ལྷ་རྗེ་དཀར། མངའ་རིས་སྐོར་གསུམ་ན་སྐུ་ལྷ་གེ་རྒོད་དང་། སྟོད་ལྷ་ཟང་ཟང་། མྱང་ཡུལ་མྱང་སྟོད་ན་ཧའོ་གང་བཟང་། གཡག་རུ་སྟོད་མ་ཤངས་ལྷ་སྒོ་རུ། ཡར་ལུངས་སུ་ཤམྦྷོ། ཨེར་ཨེ་ལྷ་དཀར་པོ། ལུང་པ་ནང་དུ་གཉན་ལྷ་སྦྱར་མ།[7] ཆོས་འཁོར་རྒྱལ་དུ་རྟ་རྒོད་ཤེལ་ལྕགས། སྒམ་པོར་དྭགས་ལ་སྒམ་པོ། རོལ་ཕུ་དང་ཀོང་སྟོད་དུ་མཆིས་ལྷ་སྤུན་དགུའམ་མཆིམས་ལྷ་སྡེ་དྲུག ཀོང་སྨད་དུ་ཀོང་ལྷ་དེ་ཡགས་སམ་ཀོང་ལྷ་དཀར་པོ། ཉང་པོ་ཀླུ་རིར་ཉང་ལྷ་བཙན་དྲུག ལྷོ་བྲག་ཏུ་སྐུ་ལྷ་མཁའ་རི། རུ་མཚམས་སུ་སྐུ་ལྷ་སྡེ་བཞི། འདམ་གཞུང་དུ་གཉན་ཆེན་ཐང་ལྷ། རྨ་ཁམས་སུ་རྨ་ཆེན་སྤོམ་ར་སོགས་ཀྱང་ལྷ་འོ་དེ་གུང་རྒྱལ་གྱི་སྲས་སམ་སྲས་མཆེད་ཀྱིས་རྣམ་འགྱུར་མི་འདྲ་བ་བསྟན་པའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་སོ། །[8]
ཡང་བོན་གྱི་གནའ་དཔེ་《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ་》རུ། “གནམ་གྱི་ལྷ་རབས་མཆེད་དགུ་དང་། བར་གྱི་ལྷ་རབས་མཆེད་བཞི་དང་། ས་ལྷ་སུམ་བརྒྱ་དྲུག་ཅུ་དང་། འཛམ་གླིང་དབུས་ཀྱི་ཏི་ཙེ་དང་། མ་པང་གཡུའི་མཚོ་མོ་དང་། པོམ་ར་སྲིད་པ་གཉན་གྱིས་ལྷ། ལས་སྟོད་གཙང་ལྷ་པུ་དར་དང་། དབུས་ཀྱི་ཡར་ལྷ་ཤམ་པོ་དང་། སྲིད་ཡུལ་སྟོད་ལྷ་ཟེ་བ་དང་། མང་ཡུལ་སྐྱིའ་ལྷ་བྱ་མངས་དང་། གཙང་ཡུལ་དབྱེ་ལྷ་ཕྱི་གངས་དང་། འོད་ཡུལ་འོ་ལ་རྒྱལ་བཟངས་དང་། མདོའ་སྟོད་གཉན་ཆེན་ཐང་ལྷ་དང་། དག་ཡུལ་དག་ལྷ་སྒམ་པོ་དང་། འཆིབས་ཡུལ་འཆིབ་ལྷ་ཐང་མཚོ་དང་། ཉང་ཡུལ་མྱང་ལྷ་ཡོལ་མོ་དང་”[9]ཞེས་སོགས་གསལ་བའི་གཙང་ཡུལ་དབྱེ་ལྷ་ཕྱི་གངས་ཞེས་པའི་དབྱེ་ལྷ་ཕྱི་གངས་དང་དབྱེ་ལྷ་སྤྱི་བགངས་གཉིས་གཅིག་ཡིན་པའི་དབང་དུ་བཏང་ན། གཙང་ཡུལ་ཞེས་པའི་དབྱེ་ལྷའི་གནས་ཡུལ་གང་ཞིག་ཡིན་མིན་གསལ་བར་འགྲེལ་བརྗོད་བྱེད་དཀའ་བས། ཚིག་རྐང་དེ་ནི་ཚིག་རྐང་གཅིག་གི་མཇུག་མ་འཁྱོངས་པར་ཚིག་རྐང་གཞན་ཞིག་མཐུད་པ་ལྟ་བུར་སྣང་བ་དང་། ཡང་ན་སྐབས་འདིའི་གཙང་ཡུལ་ཞེས་པ་དབུས་གཙང་གི་གཙང་མ་ཡིན་པར་དབྱེ་ལྷ་གནས་ཡུལ་གྱི་ཡུལ་ཚན་ཞིག་གི་མིང་ཡིན་ནམ་སྙམ་ལ། བཙན་པོ་དར་མའི་སྲས་འོད་སྲུང་གི་རྒྱུད་པར་སྲས་མངའ་བདག་དཔལ་འཁོར་བཙན་ཡར་ལུང་འཕང་ཐང་དུ་འཁྲུངས་ཤིང་ལོ་བཅུ་གསུམ་ལ་ཡབ་འདས་ནས་རྒྱལ་སར་བཏོན་པ་དང་། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས། དེ་ལས་རིམ་པར་བརྒྱུད་པའི་འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བ་ནི་ཕ་བ་ལྡེ་སེ་དང་། ཁྲི་ལྡེ། ཁྲི་ཆུང་། ཉག་ལྡེའོ། །ཕ་བ་ལྡེ་སེ་དང་ཁྲི་ཆུང་གིས་དབུས་སུ་ཡོང་ཞིང་། ལྡེ་སེས་གཙང་དུ་ལོག་པ་ལ་དེའི་རྒྱུད་པ་སྣུབས་ཡུལ་རོང་དང་། གཡག་སྡེ། ཉང་སྟོད་སྟག་ཚལ་རྣམས་ན་ཡོད། ཁྲི་ལྡེའི་རྒྱུད་པ་ནི་ཤར་ཙོང་ཁའི་རྒྱལ་པོ་སྤྱན་མངའ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་པ་དང་། ཁྲི་ཆུང་ཡར་ལུང་དུ་བཞུགས་ནས་སྐུ་མཁར་འཕྱིང་བ་སྟག་རྩེའང་བཟུང་སྐད་པས་འཕྱིང་བ་སྟག་རྩེ་བཟུང་བ་དང་ཆབས་ཅིག་འབངས་ཀྱིས་ཕོ་བྲང་བརྩིགས་ནས་རྗེ་ལ་བཀུར་བས་ཕོ་བྲང་འབངས་བརྩིགས་[10]ཞེས་པའང་བཟུང་ནས། ཡར་ལུང་ཇོ་བོའི་རྒྱལ་རྒྱུད་དངོས་སུ་མཆེད། དེའི་སྲས་འོད་སྐྱིད་འབར་ལ་སྲས་བདུན་བྱུང་བ་ནི། གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར་དང་། གཅུང་གཙང་ཚ་སྤུན་དྲུག་སྟེ། ལྷས་ཅན་གཡུ་ཅན་གཉིས་དང་། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙན་གཉིས་བཅས་སོ། །དེའི་རྗེས་སུ་འོད་སྐྱིད་འབར་གྱི་སྲས་གཙང་ཚ་སྤུན་དྲུག་ལས་སྲས་གང་རུང་ཞིག་བརྒྱུད་དེ། གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བོ་རོང་པ་ཞེས་པའི་མི་དཔོན་ཞིག་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དུས་སུ་བྱུང་ཞིང་། ཕོ་བྲང་འབངས་བརྩིགས་བཟུང་ནས་ཨེ་ཆེ་ཆུང་ལ་དབང་སྒྱུར་བར་མ་ཟད། རིམ་བཞིན་དེ་ལས་མཆེད་པའི་ལྷ་བཙན་པོའམ་ས་སྐྱོང་མི་རྗེ་དག་གིས་ཨེ་ཡུལ་དུ་དབང་བསྒྱུར་རྗེས་ཚ་རོང་བཙད་པོ་གཙང་ཚ་ལས་མཆེད་པའི་དབང་གིས་ས་ཆ་ཆ་ཤས་ཤིག་ལ་གཙང་ཞེས་ཟེར་སྲོལ་མེད་དམ་སྙམ་ལ། དེང་ཆུ་གསུམ་རྫོང་སྟོད་གཟིགས་ཤང་པ་ཎི་གྲོང་ཚོར་གང་པར་ཞེས་པའི་ས་མིང་ཡོད་པར་མ་ཟད་གཙང་ཞེས་པའི་མིང་ཡང་བྱུང་མོད། ད་ཕན་གནད་ལ་འཁེལ་བའི་ཁུངས་སྣེ་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་འཇོག་གོ །དེས་ན་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་གཞུང་ལས་ཞེས་དང་། 《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ་གཞུང་ཁུངས་མ་དག་ལས་ཞེས་གསུངས་ཕྱིར། དེ་གཉིས་ཁུངས་བཙུན་པར་སེམས་སོ། །
《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》དང་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དུ་བསྟན་པའི་ལྷ་རབས་གཞིར་བྱས་ན། ཨེ་ལྷ་སྤྱི་དཀར་ནི་ལྷ་དགུའི་ཡབ་སྲིད་པའི་ལྷ་ཆེན་འོ་དེ་གུང་རྒྱལ་གྱི་སྲས་ཡིན་པས་ལྷ་བབ་ཤིན་ཏུ་མཐོན་པོ་ཡིན་པ་རྟོགས་ཐུབ། དེ་ལྟར་ནའང་། (1)ཡབ་ཆེན་འོ་དེ་གུང་རྒྱལ། (2)སྲས་ཡར་ལྷ་ཤམ་པོ། (3) བྱང་གི་སྲས་གཉན་ཆེན་ཐང་ལྷ། (4) སྒ་སྟོད་ཀྱི་སྲས་ཇོ་བོ་སྒྱོགས་ཆེན་ལྡོང་ར། (5) མདོ་སྨད་ཤར་ཕྱོགས་ཀྱི་སྲས་རྨ་ཆེན་སྦོམ་ར། (6)སྲས་ཇོ་བོ་གཡུལ་རྒྱལ། (7) སྐྱིད་ཤོད་ཀྱི་སྲས་ཞོགས་ལྷ་ཕྱུག་པོ།[11] (8) སྲས་ཤེལ་དཀར་ཇོ་བོ་རྟ་རྒོད། (9) གཙང་གི་སྲས་གནོད་སྦྱིན་གང་བཟང་བཅས་སྲིད་པ་ཆགས་པའི་ལྷ་དགུའི་གྲས་སུ་དབྱེ་ལྷ་སྤྱི་དཀར་བགྲང་སྲོལ་མ་མཆིས་ལ། དེ་དག་གི་སྟེང་དུ་(10)ཇོ་བོ་མཆིམས་ལྷ་དང་། (11) ཇོ་བོ་ངེས་གསུམ།(12) ཇོ་བོ་གཡང་སྒང་། (13)ཇོ་བོ་ལྷ་བཙས་བཅས་བོད་ཀྱི་ལྷ་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིགས་རྒྱུད་ལ་འགོ་བའི་སྲུང་མ་ཡིན་པས་མགུལ་ལྷ་བཅུ་གསུམ་དུ་གྲགས་པའི་གྲས་སུ་ཡང་བགྲང་སྲོལ་མ་མཆིས། འོན་ཏེ། 《རྒྱགས་བརྔན་ཆེན་མོ་སློབ་དཔོན་པདྨས་མཛད་པ་》རུ། “འོ་དེ་གུང་རྒྱལ་ལ་སོགས་པའི། །ཉང་པོ་འོད་དགའི་གཞི་བདག་བརྔན། །སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་གཞི་བདག་ཐམས་ཅད་བརྔན། །ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་གཞི་བདག་གཉན་པོ་བརྔན། །རྡོ་རྗེ་བྲག་སྐྱེས་ལ་སོགས་པའི། །མོན་ཡུལ་རྡོ་དང་གློ་རྣམས་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །སྐུ་ལྷ་མཁའ་རི་ལ་སོགས་པའི། །ལྷོ་བྲག་ཡུལ་གྱི་གཞི་བདག་བརྔན། །ནགས་སོགས་ཆུ་བརྒྱུད་དགེ་བསྙེན་དང་། །ཨ་ལ་རྔོད་ཀྱི་གཞི་བདག་བརྔན། །རྡུ་ཡི་ཉིན་སྲིབས་ས་བདག་དང་། །གཞི་བདག་གཉན་པོ་×ལྷོ་ཡི་རོང་ལྷ་རྒྱལ་མཚན་དང་། །རོང་བཙན་ཁ་བ་དཀར་པོ་བརྔན། །”[12]ཞེས་སོགས་ཨེ་ཡི་ཡུལ་ལྷ་གཙོ་བོའམ་ཆོས་སྐྱོང་སྲུང་མ་རོང་ལྷ་རྒྱལ་མཚན་[13]བགྲང་སྲོལ་ལ་བལྟས་ན། དུས་ཕྱིས་ཨེ་ཡུལ་དུ་རོང་ལྷ་རྒྱལ་མཚན་ལྷའི་གཙོ་བོར་གྱུར་རྗེས། དབྱེ་ལྷ་སྤྱི་དཀར་གྱི་མཚན་སྲིད་པའི་ལྷ་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་འབྲི་བའི་སྲོལ་ཉམས་སམ་སྙམ།
དབྱེ་ལྷར་ངོས་འཛིན་བགྱིས་ཚེ་དབྱེ་ཡུལ་གྱི་ལོ་རྒྱུས་གནས་བབ་ལ་ཡང་དག་པའི་ངོས་འཛིན་ཐུབ་པར་མ་ཟད། རྒྱལ་ཕྲན་སིལ་མའི་སྐབས་ཀྱི་དབྱེ་མོ་ཡུལ་བཞིའམ་ཡུལ་དྲུག་གི་གནས་བབ་དང་དབྱེ་རྗེ་མཁར་པའི་གནས་བབ་སོགས་ཀྱང་མཚོན་ནུས་པར་སེམས། དབྱེ་ལྷའི་གནས་ཡུལ་ནི་དབྱེ་ཡུལ་གྱི་གནས་ཡུལ་གང་དུ་ཡིན་མིན་ད་ལྟའི་ཆར་རྟོག་ཞིབ་གནང་མཁན་བྱུང་མེད། མ་གཞི་སྟོད་གཟིགས་གྲོང་ཚོ་ཙུའུ་དང་པོའི་རྫུན་གྱི་ཕུ་དང་ཀླུང་གྲོང་ཚོའི་འབྲོག་སའི་ཁུལ་ན་མཆིས་པའི་རི་བོ་ཞིག་ལ་རྟ་དཀར་མི་དཀར་ཞེས་ཟེར་བར་མ་ཟད། ཡུལ་མི་རྣམས་ཀྱིས་ལྷ་དེ་ནི་ཡར་ལྷ་ཤམ་པོའི་སྐུ་མཆེད་ཡིན་པར་གསུངས་པས་དེ་ཉིད་ཁུངས་སྣེ་ལེགས་པོ་ཞིག་ལགས་ན་ཡང་། ང་ཚོས་ས་ཡུལ་དངོས་ལ་བརྟག་ཞིབ་ལན་མང་བྱས་པ་བརྒྱུད་ཤག་བྱང་ཤང་གི་ཤར་ལྷོའི་མཚམས་དང་པུ་ཏང་(དྲངས་)ལའི་ལྷོ་ངོས་ཀྱི་ཆོས་ར་ནང་དང་ཉེ་བར་མཆིས་པའི་རི་བོ་ཞིག་ལ་ད་ལྟའང་དབྱེ་ལྷ་སྤྱི་དཀར་ཞེས་པའི་མིང་མ་ཉམས་པར་མཆིས་ལ། སྔར་བོད་བཙན་པོའི་གདུང་རྒྱུད་ཨེ་ལྷ་རྒྱ་རིའི་ཁྲི་ཆེན་གྱི་བླ་མཚོ་ཡང་ཨེ་ལྷ་སྤྱི་དཀར་གྱི་མཚོ་དེ་ཡིན་འདུག་ཅིང་། མཚོ་འགྲམ་དུ་ཁྲི་ཆེན་གྱི་བཞུགས་ཁྲི་དང་། གདུང་རྒྱུད་མི་ཆད་པའི་རྟེན་འབྲེལ་གྱི་ཟངས་ཀྱི་ཕོ་མཚན་ཞིག་ཀྱང་བཙུགས་ཡོད་སྐད། ད་དུང་སྔར་ཨེ་རི་སྒོ་ཆོས་སྡེ་སོགས་དགོན་སྡེ་ཁག་ནས་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་སྟེ་འཛམ་གླིང་སྤྱི་བསང་ཉིན་རི་དེ་གསོལ་བར་འགྲོ་བ་དང་། གལ་ཏེ་རི་དེར་དངོས་སུ་སྐྱོད་མ་ཐུབ་ཚེ་རྒྱང་གསོལ་གྱི་ཐོག་ནས་གསོལ་ཁ་གཏོང་སྲོལ་འདུག་པས། དབྱེ་ལྷ་སྤྱི་དཀར་གྱི་གནས་ཡུལ་དེ་རང་མིན་ནམ་སྙམ། དེ་ལ་རྒྱུ་མཚན་གཞན་ཞིག་ནས་བསམ་གཞིག་བགྱིས་ཚེ། དབྱེ་ལྷའི་གནས་ཡུལ་དང་གང་པར་གྱི་གནས་ཡུལ་དབར་ཐག་ཉེ་བའི་འབྲེལ་བ་ཞིག་གྲུབ་དགོས།དེ་ཡང་སྲོང་བཙན་གྱི་སྐབས་ཙམ་ལ་ཡུལ་དཔོན་ཚན་ལ་དབྱེའི་གང་པར་བྱུང་བས་གནའ་བོའི་དུས་སུ་གང་པར་ཞེས་པའི་ས་ཆའི་གལ་ཆེའི་གནས་བབ་རྟོགས་ཐུབ་ཅིང་། ཡུལ་ལུང་གི་ཆགས་དབྱིབས་ལ་བལྟས་ཏེ་བསམ་གཞིག་བྱས་ན་ཡང་དབྱེ་ལྷ་དེ་ཉིད་དབྱེ་ཆེ་བའི་[14]ཁོངས་སུ་ཡོད་དགོས་པར་སྣང་ལ། གང་པར་གྱི་གནས་ཡུལ་གྱིས་དབྱེ་མོ་ཡུལ་བཞིའམ་དྲུག་གི་ཆབ་སྲིད་ལྟེ་གནས་ངོས་འཛིན་ཐུབ་ཕྱིར། གང་པར་གྱི་གནས་ཡུལ་ལ་བརྟག་ཞིབ་བགྱིས་པ་ལས་ཀྱང་དབྱེ་ལྷའི་གནས་ཡུལ་དེ་རང་ཡིན་པར་སེམས། དེ་མིན་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་བྱུང་བའི་དབྱེ་ལྷ་སྤྱི་དཀར་གྱི་གཅུང་གྲོ་ལ་གང་བུ་ཟེར་བ་དེ་ཉིད་ཀྱང་ཨེ་ཡུལ་གྱི་ལྷོ་ནུབ་མཚམས་ཏེ་སྣེ་གདོང་ཆུས་ཡར་སྟོད་ཤང་དང་ས་འབྲེལ་གྱི་གངས་རི་ཞིག་གི་མིང་དང་འདྲ་བས་དེ་མིན་ནམ་སྙམ་མོད། ད་ལམ་བདེན་པ་ཁུངས་འཕེར་བའི་དཔང་རྟགས་ཤིག་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་བཞག་སྟེ་སླད་མར་ཞིབ་ཆ་བགྱིའོ། །
གཉིས་པ། ཨེའི་གང་པར།
སྤུ་རྒྱལ་བཙན་པོ་བརྒྱད་པ་གྲི་གུམ་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་པའི་རྗེས། སྲས་ཤ་ཁྱི་དང་ཉ་ཁྱི་ཡང་ཀོང་ཡུལ་དུ་སྤྱུགས། སྤུར་ཟངས་ཀྱི་སྒམ་ཁ་སྤྲོད་ཀྱི་ནང་དུ་བཅུག་ནས་ཡར་ཀླུང་གཙང་པོར་བཏང་བར། དེང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོ་འབབ་ཁུལ་ན་མཆིས་པའི་ཀླུ་འོ་དེ་རིང་མོས་བཟུང་སྐད། དེའི་རྗེས་སུ་བཙན་པོའི་ཕ་ཚན་གྱི་བུ་ངར་ལས་སྐྱེས་ཆེར་ལོངས་པ་ན། ལོ་ངམ་རྟ་རྫིར་དུག་བཏང་ནས་ཤ་འཁོན་བླངས་པར་མ་ཟད། སྲས་དང་བཙན་པོའི་སྤུར་འཚོལ་བར་ཕེབས་ཚུལ་ཏུན་ཧོང་གཏེར་ཡིག་P.T.1287ལས། “སྲས་ཤ་ཁྱི་ཉ་ཁྱྀ་ཡང་མཇལ། ཀླུ་འོ་དེ་རིང་མོ་དང་ཡང་མཇལ་ན། སྤུར་གྱི་གླུད་དུ། མྱྀའི་མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདོད་ཆེས་ཟེར་ནས་མ་རྙེད་ཀྱྀས། ད་དུང་འཚོལ་དུ་འགྲོ་དགོས་ཀྱི། རྒྱགས་ཐོག་ཤིག་ཅེས་མཆི་ནས་སོང་ངོ་། གང་པར་འཕྲུན་གྱི་འོག་དུ་ཕྱིན་ན། ཆོ་མྱི་བྱའྀ་བུ་མོ་ཞིག་ཡུར་བ་བྱེད་པའི་གན་དུ་སོང་ན་བུ་ཁུ་ལྗོན་འདུག་པ་ཞིག མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདུག་ནས། དེ་བླུ་ན་ཇི་འདོད་ཅེས་མ་ལ་དྲྀས་ན།མ་ན་རེ་གཞན་མྱྀ་འདོད། ནམ་ནམ་ཞ་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན། ཐོར་ཏོ་རེ་འཕྲེན་མོ་ནྀ་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནྀ་བཞགས། བཙན་པོའི་སྤུར་ལ་ནི་འཚོག མྱྀ་ལ་འཕྲོག་ཕོམ། ཟས་ལ་ནྀ་ཟ་འཐུང་།དེ་ལྟར་བྱའམ་མྱི་བྱ་ཞེས་མཆི་ནས་”ཞེས་དང་། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ། “ཨེའི་གང་བར་སྤུར་འོག་ན་ཕ་མཚར་ལ་སྦ་ཐེན་བྱ་བ་དང་མ་སྤོ་བཟའ་ཕྱུག་མོ་བྱ་བ་ལ། བུ་མོའི་མིང་དགེ་ཡུ་བྱ་བ་དེ་འདྲ་བ་གཅིག་འདུག་པ་རྐུ་བས་མ་ཐོབ། ཕ་མ་གཉིས་ལ་ཉོས་པས་ཉོར་མ་སྟེར། ཁྱོད་ཅི་བྱེད་ཟེར་བ་ལ་ངར་ལ་སྐྱེས་ཀྱིས་དྲང་པོར་བཟླས་པས། ཕ་ན་རེ་རྗེའི་སྤུར་ལ་ཚར་གྱིས་ལྕག་བརྒྱ་ཐམ་པ་རྡེག་ཏུ་ཆུག་ཟེར་བ་ཁས་བླངས་ཏེ། དེ་ནས་བུ་མོ་དེ་ངར་ལ་སྐྱེས་ཀྱིས་ཀླུ་སྲིན་མ་དེ་ལ་སྤུར་གྱི་བླུད་མར་བྱིན་ནས་ཀོང་ཡུལ་སེ་མོ་བྲག་ཏུ་སྤྱན་དྲངས་ཏེ། ཚར་མ་སྦ་ཐེན་གྱི་ལྕག་བརྒྱ་ཐམ་པ་བརྒྱབ་བོ་”[15]ཞེས་བྱུང་། དེ་བཞིན་དུ་《ཡར་ཀླུང་ཇོ་བོའི་ཆོས་འབྱུང་》དུ། “སྤུར་སྐོང་ཆུ་རླག་ནས་རྙེད་དེ་བླངས་པས་མ་སྟེར། རྐུས་ཀྱང་མ་ཐོབ་ནས་ཉོ་བའི་རིན་བྱས་པ་ལ། མིའི་བུ་མོ་བྱ་ལོ་མ། མིག་བྱ་མིག་བཞིན་མས་འགེབས་པ། ལོ་བཅུ་དྲུག་ལོན་པ་གཅིག་འདོད་ཟེར་ནས་བཙལ་བས། གཡེའི་གངས་བར་སྤུར་གོང་ནས། ཕ་མཚར་ལ་རུ་ཐེན། མ་སྐྱིད་ལ་རུ་རུབ་གཉིས་ལ།བུ་མོ་དགེའུ་གཡུ་མོ་བྱ་བ་དེ་འདྲ་གཅིག་འདུག་ནས། བླངས་པས་མ་སྟེར། རྐུས་པས་མ་ཐོབ་ནས། ཉོ་བྱས་ནས། ཕ་ན་རེ། གསེར་བུ་མོ་ཙམ་འདོད་ཟེར། མ་ན་རེ། སྤུར་དེ་ལ་ཚལ་གྱི་ཐིག་བརྒྱད་ཅུ་རྒྱག་ཏུ་ཆུག་ཟེར་བས་ཁས་བླངས་ཏེ། བུ་དེ་འཁྱེར་ནས་སྤུར་བླུས་སོ་”[16]ཞེས་བྱུང་བ་དང་། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ། “གཡེའི་གངས་བར། སྤུར་གོང་ནས། ཕ་ཚར་ལ་རེ་ཐེན། མ་སྐྱིད་ལ་རུང་ཞུམ་གྱི་བུ་མོ་དགེའུ་ཡུ་མེ་བྱ་བ། དེ་འདྲ་གཅིག་འདུག་ནས། ཉོ་བར་བྱས་པས། ཕ་ནས་གསེར་མོ་རང་ཙམ་ཅིག་འདོད་ཟེར། མ་ན་རེ། སྤུར་དེ་ལ་འཚལ་གྱི་ཐིག་བརྒྱད་ཅུ་རྒྱག་ཆུག་ཟེར་བ་ཁས་བླངས། བུ་མོ་ཁྱེར། སྤུར་བླུས་སོ་”[17]ཞེས་བྱུང་བ་བཞིན། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ཡང་། “དེ་བཙལ་བས་གཡེའི་གངས་བར་ཡུར་གོང་ནས་བུ་མོ་དགེ་ཡུམ་བྱ་བ་ཞིག་རྙེད་སྟེ་ཕ་ན་རེ་གསེར་བུ་མོ་ཙམ་ཞིག་འདོད་ཟེར། མ་ན་རེ་སྲིད་ཀྱི་བུ་ཡོང་བའི་ཐབས་སུ་སྤུར་དེ་མཚར་གྱི་ལྕག་བརྒྱ་དང་མཚལ་གྱི་ཐིག་བརྒྱད་བཅུ་འདེབས་སུ་ཆུག་ཟེར་ནས་བླུས་སྐད་”[18]ཅེས་བྱུང་བ་སོགས་ཕྱིས་ཀྱི་ལོ་རྒྱུས་དེབ་ཐེར་གཞན་པ་འགར་ཡང་དེ་བཞིན་བཀོད་ལ། ལྷག་པར་དུ་སྐབས་དེའི་གང་པར་ཞེས་པ་ཨེའི་ཁུལ་གྱི་ས་ཆ་ཞིག་ཡིན་པ་གཅིག་མཚུངས་སུ་བསྟན་ཡོད། རྒྱུ་མཚན་དེ་དག་གི་ཕྱིར་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བོད་ལྗོངས་ས་མིང་》དུ། “གང་པར་འཕྲུན་ནི་སྔར་ཨེའི་གངས་རིའི་འདབས་སུ་ཡོད་པའི་ཞིང་པའི་ས་ཁུལ་ཞིག་ཡིན་ཞིང་། དེང་སང་ལྷོ་ཁ་ས་ཁུལ་ཆུ་གསུམ་རྫོང་ཁོངས་སུ་ཡོད་པར་མངོན་”[19]ཞེས་གསུངས་སོ། །
གང་པར་ཞེས་པའི་ས་མིང་འདི་ཉིད་ཨེ་ཡུལ་ལམ་དེང་གི་ཆུ་གསུམ་རྫོང་ཁུལ་གྱི་ཡིག་ཐོག་ཏུ་འཁོད་པའི་ས་མིང་ཆེས་རྙིང་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ས་མིང་འདིས་ཨེ་ཆུ་གསུམ་གྱི་ལོ་རྒྱུས་སྤྱི་ལོའི་སྔོན་གྱི་ལོ་100ལྷག་གི་གོང་རོལ་དུ་གཏུགས་ཡོད།
《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པར། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པའི་མཐའ་འདུལ་ཡང་འདུལ་གྱི་ཡན་ལག་ཏུ་གྱུར་པའི་གཙུག་ལག་ཁང་གི་གྲས་སུ། “གང་བར། མཐོན་མཐིང་གཉིས་གངས་ཏི་སི་(མཐོང་ན་རི་གཞན་ལ་དངོས་སོ་མེད་པས་)གནོན་པའི་དོན་དུ་བཞེངས་”[20]ཞེས་བྱུང་བ་དེ་བཞིན་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》རུ་ཡང་། “གངས་བར་གྱི་ལྷ་ཁང་ནི་མཚོ་ཕམ་ལུད་ནས་བོད་ལ་རྐྱེན་བྱུང་དོགས་པའི་ཆེད་དུ་བཞེངས། སྤྲ་དུན་རྩེའི་ལྷ་ཁང་ནི་གངས་ཏེ་སེ་རྩེ་མཐོས་ནས་རི་ཐམས་ཐད་ལ་※དངོས་བཞི་※མེད་དོགས་པའི་ཆེད་དུ་གངས་མི་མཐོང་པ་ལ་བཞེངས་”[21]ཞེས་བྱུང་བས། འདིར་བསྟན་གངས་བར་ལྷ་ཁང་ནི་སྟོད་ཁུལ་དུ་ཡིན་པར་སྣང་། དེ་ལྟར་ནའང་།བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སྟོང་སྡེ་དང་བྱེ་བྲག་ཡུལ་དཔོན་ཚན་པ་དབྱེ་བའི་སྐབས་གཡོ་རུའི་དཔོན་ཚན་[22]བཅུ་དྲུག་ལ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས། “ང་རབས་ལ་ཡུལ་དཔོན་ཚན་གཅིག གུང་པོ་ལ་གཅིག གང་བར་ལ་གཅིག ཡར་མདའ་ལ་གཅིག འཆིངས་ལུང་ལ་གཅིག གྲེང་ང་ལ་གཅིག རོག་པ་ལ་གཅིག་”[23]ཅེས་སོགས་བྱུང་བའི་གང་པར་གྱིས་དབྱེ་ཡུལ་གྱི་ཡུལ་མཚོན་ལ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་“གང་བར་དང་། བཙན་ཐང་དང་། ཉང་རོ། རྩིབས་ཀྱི་ལྷ་ཁང་ཁྲབ་སྒོ་ཅན་གྱིས་ཁ་བསྐངས་ནས་བཞེངས་སོ་”[24]ཞེས་བྱུང་བ་དང་། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པར། ཇོ་མོས་བཞེངས་པའི་ལྷ་ཁང་གི་གྲས་སུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ “འཆིམས་བཟའ་ཡོན་ཏན་སྒྲོན་མས་གང་བར་ལྷ་ཁང་བཞེངས་”[25]ཞེས་བྱུང་། བསྟན་པ་ཕྱི་དར་གྱི་དུས་སུ་ཡང་ལྷ་ཁང་འདི་བཞིན་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ།“དེའི་རྗེས་སུ་འབྲིང་ཡེ་ཤེས་ཡོན་ཏན་སྨྱལ་པ་དེ་བྱོན་ཏེ་བོ་དྷི་རཱ་ཛཱས་ཁམས་གསུམ་ཕུལ་ནས་བཞུགས་ཏེ་གངས་བར་ལྷ་ཁང་དང་གཉལ་གྱི་བཟང་རུ་སོགས་གྱང་སྐོར་དགུ་བཟུང་”[26]ཞེས་བྱུང་བ་དང་། 《དུས་ཀྱི་འཁོར་ལོའི་ཟབ་རྒྱས་ཀྱི་དམ་པའི་ཆོས་བྱུང་ཚུལ་བཞུགས་》ཞེས་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡིས་“འབྲུག་ལོའི་དབྱར་གནས་ཐང་པོ་ཆེར་མཛད་ནས་འོན་ཟང་རི་གཡེ་གངས་བར་ནས་སླར་ཡང་གཉལ་ལྟེའུ་ར་དང་”[27]ཞེས་སོགས་གསལ་བའི་གང་པར་ལྷ་ཁང་ནི། ད་ལྟའི་ཨེ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་ཁོངས་སུ་ཡོད་པའི་བུ་དལ་ལྷ་ཁང་ཞེས་པ་ཡིན་པར་སྣང་ལ། གྲི་གུམ་བཙན་པོའི་སྐབས་ཀྱི་གང་པར་ཞེས་པ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་གཡོ་རུའི་ཡུལ་དཔོན་ཚན་པ་བཅུ་དྲུག་གི་ནང་གསེས་གང་པར་ཞེས་པ་ཡང་དེ་ཁུལ་དུ་ཡིན་པར་སྣང་། དེ་ཡང་གུས་པས་ཉམས་ཞིབ་བགྱིས་པར་གཞིགས་ན། ཆུ་གསུམ་གྱི་ཁུལ་དུ་ད་ལྟ་ངོས་གཟུང་དུ་ཡོད་པའི་གང་པར་ཞེས་པའི་མིང་ཐོགས་པའི་གནས་གསུམ་ཡོད་པ་ལས། གཅིག་ནི་ཇོ་མོ་མ་གཅིག་ལབ་ཀྱི་སྒྲོན་མའི་འཁྲུངས་ཡུལ་ལབ་ཕྱི་ཨེའི་གང་པར་ངམ་ཤོད་[28]བྱ་བ་ཡིན་ཞིང་། ད་ལྟའི་ཆུ་གསུམ་རྫོང་ལབ་གྲོང་རྡལ་གྱི་གྲབ་སྨད་ས་གྲོང་ཚོའི་ཁོངས་སུ་མཆིས། གཞན་གཉིས་ལས་གཅིག་ནི་ཆུ་གསུམ་རྫོང་སྟོད་གཟིགས་ཤང་པ་ཎི་གྲོང་ཚོའི་ཁུལ་གྱི་པ་ཎི་གང་པར་[29]ཞེས་པ་དང་། ཅིག་ཤོས་ནི་ད་ལྟའི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོའི་གང་པར་[30]ལགས་སོ། །དེ་གསུམ་ལས་ཡུལ་གྱི་ས་བབ་དང་ལྷག་པར་དུ་གནའ་བོའི་ལྷ་ཁང་ཡོད་མེད་སོགས་ལ་བརྟག་དཔྱད་གང་ནུས་བགྱིས་པ་བརྒྱུད། གཅིག་ནས་ཆུ་མཁར་གྲོང་ཚོའི་བུ་དལ་ལྷ་ཁང་ཡོད་ཁུལ་ལ་ད་ལྟའང་གང་པར་ཟེར་ཞིང་། ལྷ་ཁང་ལ་གང་པར་ལྷ་ཁང་ཟེར་བ་ཡུལ་མིའི་ངག་རྒྱུན་དུ་མཆིས་པ་དང་། གཉིས་ནས་གོང་དུ་ཉང་ཉི་མ་འོད་ཟེར་གྱིས་གང་པར་ལྷ་ཁང་ཉིད་ལྷ་ཁང་སྒོ་ཁྲབ་ཅན་དུ་གསུངས་པ་བཞིན་ད་ལྟའི་རྒན་པོ་ཚོའི་དྲན་ཚོད་ལ་ཡང་བུ་དལ་ལྷ་ཁང་གི་བཟོ་དབྱིབས་ཀྱི་ཆ་ནས་སྒོ་ལ་ཁྲབ་ཀྱིས་གཡོགས་པ་དང་ཐོག་ཁར་རྫ་གཡམ་གྱིས་ཁེབས་བྱས་ཡོད་ཁར། སྔར་ནས་ད་བར་རྟེན་གྱི་གཙོ་བོར་སངས་རྒྱས་རྣམ་པར་སྣང་མཛད་[31]བྱེད་པ་སོགས་ཕྱོགས་མང་པོ་ལས་བོད་བཙན་པོའི་དུས་སྐབས་ཀྱི་ལྷ་ཁང་ཡིན་པའི་རྟགས་མཚན་དུ་མ་མངོན་པར་མ་ཟད། ད་ལྟའི་ཆར་ཨེ་ཁུལ་དུ་ཆེས་རྙིང་པའི་ལྷ་ཁང་དེ་མ་གཏོགས་རྙེད་དུ་མ་མཆིས། གསུམ་ནས་《ཡར་ཀླུང་ཇོ་བོའི་ཆོས་འབྱུང་》དུ་ལྷ་འགྲོ་བའི་མགོན་པོར་“གཡེ་ན་ཡང་བུ་དོལ་ལ་སོགས་པའི་ཡོན་བདག་བུ་སློབ་མང་དུ་ཡོད་དོ། །”[32]ཞེས་བྱུང་བ་དང་།《དེབ་ཐེར་སྔོན་པོ་》རུ་ལྷ་འགྲོ་བའི་མགོན་པོར་“གཡེ་རུ་ཡང་བུ་དལ་ལ་སོགས་པ་ནས་ཡོན་བདག་བུ་སློབ་མང་དུ་བྱུང་”[33]ཞེས་བྱུང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ཡང་ལྷ་འགྲོ་བའི་མགོན་པོ་ཡིས་“གཉལ་ནས་ཟངས་པོ་ཆེ་སོགས་དང་། གཡེ་ནས་བུ་དལ་སོགས་ཏེ་གཙུག་ལག་ཁང་བརྒྱ་ཕྲག་མང་པོའི་བདག་པོ་མཛད་”[34]ཅེས་བྱུང་བ་སོགས་ལོ་རྒྱུས་ཆོས་འབྱུང་རྣམས་སུ་ཨེ་ཡུལ་གྱི་ལྷ་ཁང་ངམ་གཙུག་ལག་ཁང་གི་ལྟེ་བའི་མིང་ལ་བུ་དལ་ལྷ་ཁང་ཞེས་པ་ཡང་བྱུང་བ། བཞི་ནས་《མ་ཅིག་ལབ་སྒྲོན་གྱི་དང་པོའི་ལོ་རྒྱུས་བསྡུས་པ་ཅུང་ཟད་སྨོས་པ་རྣམ་ཐར་གྱི་ལེའུ་》ཞེས་པར། “ཨེའི་གོང་བར་ལྷ་ཁང་[35]དུ་ཁོང་ལྔ་གློག་སྐྱ་ལྷ་སྐྱབས། བྱ་ཁྲོམ་པ། འཇིང་ལྷ་གཟའོ། ། ཞང་སྟོན་འོད་ཟེར་དཔལ་དང་བཞི་སྔགས་པ་ཡིན། རྡོ་ཆུང་མ། ལ་དབང་བསྐུར་ཏེ་”ཞེས་སོགས་དང་། དེ་ནས་“ཤིང་སྡོང་པོ་གསེར་གློག་བྱ་བའི་རྩར་ཆུ་མིག་འོད་པོ་གནམ་ཁོལ་བྱ་བ་ལ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོངས་བྱ་བ་གནས་པས་དེར་སུ་ཡང་ལྟ་མི་བཟོད་པ་དེ་རུ་བྱོན་ནས། ཀླུ་རྒྱལ་ཏིང་ངེ་འཛིན་གྱིས་གཟིར་བས། ཁོ་མ་བཟོད་ནས་གཞན་ཡང་ཡུལ་ཕྱོགས་ཐམས་ཅད་བསྐུལ་བས། དམག་མང་རབ་བསགས་ཏེ་ཆོ་འཕྲུལ་ཡ་མ་ཟུང་སྣ་ཚོགས་པ་སྟོན་ཀྱང་། དཔོན་ཆུང་མས་ཕུང་པོ་འདྲེ་རྣམས་ཀྱི་གཟན་དུ་བསྐྱུར་བས།འདྲེ་རྣམས་ཀྱི་གླགས་མ་རྙེད་ནས། དམ་བཅས་སྲོག་སྙིང་ཕུལ་ཏེ། ཀླུ་རྒྱལ་ཟླ་བ་སྐྱོང་བྱེད་ལ་སོགས་པ་རྣམས་ཀྱིས་ཕྱིན་ཆད་སེམས་ཅན་ལ་གནོད་པ་མི་བྱེད་ཅིང་། དཔོན་ཆུང་མའི་བསྟན་པ་སྐྱོང་བར་དམ་བཅས་སོ། །”[36]ཞེས་སོགས་སུ་བྱུང་བའི་ཀླུ་རྒྱལ་དྲག་པོ་ཟླ་སྐྱོངས་ནི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ལྷ་རྒྱ་རིའི་གྲོང་ཚོའི་[37]ཁོངས་ཕོ་བྲང་བཀྲ་ཤིས་ཆོས་རྫོང་[38]གི་ལྷོ་ཕྱོགས་ཀ་ལི་ལྗོངས་རི་ཁྲོད་དུ་ད་ལྟའང་ངོས་བཟུང་དུ་ཡོད་ཅིང་། དེ་དང་ཆུ་མཁར་གྲོང་ཚོའི་གང་པར་ཐག་ཉེ་བ། ལྔ་ནས་རྒན་མིག་དམར་ཚེ་རིང་གིས་ཏུན་ཧོང་གཏེར་ཡིག་P.T.1287ལས། “གང་པར་འཕྲུན་གྱི་འོག་དུ་ཕྱིན་ན། ཆོ་མྱི་བྱའྀ་བུ་མོ་ཞིག་ཡུར་བ་བྱེད་པའི་གན་དུ་སོང་” ཞེས་སོགས་སྐབས་དེའི་ཚེ་གང་པར་ན་བུ་མོ་བྱ་མིག་མའམ་བྱ་ལོ་མ་ཞིག་ཞིང་ལ་ཡུར་མ་བྱེད་བཞིན་པ་ཚིག་ཟིན་ལས་དངོས་སུ་གསལ་བ་ལས་ས་ཆ་དེ་ནི་ཞིང་ཁུལ་ཞིག་ཡིན་པར་རྟོགས་ནུས་པ་སོགས་ནས། “གང་པར་འཕྲུན་ནི་སྔར་ཨེའི་གངས་རིའི་འདབས་སུ་ཡོད་པའི་ཞིང་པའི་ས་ཁུལ་ཞིག་”[39]ཅེས་གསུངས་པ་བཞིན། ཨེ་ཡུལ་གྱི་གང་པར་ཞེས་ཐོགས་པའི་ས་ཆ་གཞན་གཉིས་དང་བསྡུར་ན་ཆུ་མཁར་གྲོང་ཚོའི་གང་པར་གྱི་ཁུལ་ཉིད་བལྟོས་བཅས་ཀྱིས་ས་འཁོད་བདེ་བས་སྐབས་དེ་དུས་ཞིང་ས་ཡིན་ངེས་པ། དྲུག་ནས་དེ་ཁུལ་དུ་བང་སོའི་ཤུལ་ཡང་ཡོད་པ་སོགས་སྒྲུབ་བྱེད་དུ་མ་ལས་ཨེའི་གང་པར་འཕྲུན་དང་། གང་པར་ལྷ་ཁང་གི་གནས་ཡུལ། གནའ་བོའི་དུས་སུ་ཨེ་ཡུལ་གྱི་ལྟེ་བར་གྱུར་པའི་ཡུལ་དཔོན་ཚན་གང་པར་གྱི་གནས་ཡུལ་བཅས་ནི་ད་ལྟའི་ཆུ་མཁར་གྲོང་ཚོའི་ཁུལ་དུ་ཡིན་འདུག་སྙམ།
སྤུ་རྒྱལ་བཙན་པོའི་དུས་སྐབས་སུ་སྤྱིར་ན་དབྱེ་ཡུལ་གྱི་མིང་ཐོན་དཀོན་ཞིང་། སྲོང་བཙན་གྱི་སྐབས་སུ་གཡོ་རུའི་ཡུལ་དཔོན་ཚན་པ་བཅུ་དྲུག་གི་ནང་གསེས་སུ་གང་པར་ཞེས་པའི་ཡུལ་མིང་ཐོན་པ་དང་། མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་འཆིམས་བཟའ་ཡོན་ཏན་སྒྲོན་མས་གང་པར་ལྷ་ཁང་བཞེངས་པ་སོགས་ཕྱོགས་མང་པོ་ལས་གནའ་བོའི་དུས་སུ་གང་པར་ནི་དབྱེ་ཡུལ་གྱི་ལྟེ་གནས་ལྟ་བུ་ཡིན་ངེས་ལ། སྐབས་ཤིག་རིང་ཡུལ་མིང་བྱེ་བྲག་གང་པར་ཞེས་པས་ཡུལ་སྤྱིའི་མིང་གི་དོད་བྱེད་པ་ཡང་བྱུང་མེད་དམ་སྙམ། འདིར་ཆེད་དུ་གསལ་བརྗོད་བྱེད་དགོས་པ་ཞིག་ལ། ཨེའི་གང་པར་ལ་ལོ་རྒྱུས་ཡིག་ཚང་དུ་གང་པར་དང་། གང་བར། གངས་བར་ཞེས་པའི་འབྲི་སྟངས་མི་འདྲ་བ་གསུམ་བྱུང་ཡོད་ཀྱང་། དེ་དག་གི་ཁྲོད་ནས་གང་པར་ཞེས་པ་ཉིད་དག་པར་མཐོང་སྟེ། གཅིག་ནས་ཏུན་ཧོང་གཏེར་ཡིག་P.T.1287དུ་གང་པར་ཞེས་གསལ་བ་[40]དང་། གཉིས་ནས་ད་ལྟའི་ཡུལ་མིའི་ངག་ལ་ཡང་གང་པར་ཞེས་མིང་མཐའ་པ་ཡིག་གི་སྒྲ་དབྱུང་ཞིང་། གལ་ཏེ་གང་བར་རམ་གངས་བར་ཞེས་བྲིས་ཚེ་ཞ་ལུ་ལོ་ཙཱ་བས། “ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །བཏུང་བ་འདའ་བ་མྱུར་བར་འཐུངས། །མྱུར་བར་ཞུ་བ་ཚ་བ་འདོད། །ལུང་པ་མདའ་པ་འབྱོར་པ་ཆེ། །ཡུལ་པ་ཕུ་པ་བྱ་བ་མང་། །”[41]ཞེས་སོགས་གསུངས་པ་བཞིན། གང་བར་རམ་གངས་བར་ཞེས་པའི་མིང་མཐའི་བ་ཡིག་ཝ་ཡིག་གི་སྒྲ་དང་ཉེ་བར་འདོན་དགོས་པས། ཡུལ་མིའི་ངག་ལ་འཇགས་པའི་འབོད་སྟངས་དང་ཐ་དད་དུ་འགྲོ་བ་ཡིན་ཕྱིར། གང་བར་དང་གངས་བར་ཞེས་བྱུང་བའི་མིང་མཐའ་བ་ཡིག་ནི་པ་དང་བ་གཉིས་ཀྱི་བྲིས་གཟུགས་ཉེ་བའི་དབང་གིས་ཕྱིས་པ་ཡིག་ལས་ཕབ་ནོར་ཤོར་ཏེ་བྲིས་པར་སེམས། དེ་མིན་གང་པར་དང་གངས་པར་གཉིས་ཀྱི་མིང་གི་གྲུབ་གཞི་“གང་”དང་“གངས་” གཉིས་ལས་གང་ཞིག་དག་པ་ཡིན་ནམ་ཞེ་ན། མཁས་པའི་དབང་པོ་དུང་དཀར་རིན་པོ་ཆེ་མཆོག་གིས། “གཡེའི་གངས་བར་ཡུར་གོང་། དེང་སང་ཨེ་དང་། གཉལ། དྭགས་གསུམ་ཟེར་བའི་ཨེ་དེ་སྔར་གྱི་ཡིག་རྙིང་དུ་གཡེ་ཞེས་འབྲི་སྲོལ་འདུགགངས་བར་ཡུར་གོང་ནི་གཡེའི་གངས་རིའི་ཞོལ་དུ་ཡོད་པའི་ཞིང་གྲོང་ཆུང་ངུ་ཞིག་ཡིན་པར་སྣང་”[42]ཞེས་དང་། རྒན་དོ་རྒྱ་དབང་དྲག་རྡོ་རྗེས། “གངས་པ་ཤེའུ་ནི་ཉང་སྟོད་ལྕང་རའི་ཕུའི་གངས་ཞེས་པར་འཁྲུངས་པས་གངས་པ་ཤེའུ་ཐོགས་པ་ཡིན་ནམ་སྙམ་”[43]ཞེས་གསུངས་པར་གཞིགས་ན། གངས་པར་དང་གངས་པ་ཞེས་པའི་མིང་ཐོགས་སའི་གཞི་ཡུལ་ལུང་གང་རུང་གི་ཕུ་ཡི་གངས་རིའམ་ཁ་བའི་གངས་དང་འབྲེལ་བ་ངེས་ཅན་ཡོད་པར་སྣང་མོད། གང་པར་ཞེས་པའི་“གང་”ཡང་“གངས་”ཀྱི་གནའ་བོའི་འབྲི་སྲོལ་ཞིག་ཡིན་མི་སྲིད་པའི་ངེས་པ་རྙེད་དཀའ་བའི་དབང་གིས། གང་ཞིག་དག་པ་ཡིན་མིན་གྱི་ཁ་ཚོན་མཐའ་གཅིག་ཏུ་གཅོད་དཀའ། དེས་ན་འདིར་ས་གནས་དེ་གའི་ཡུལ་མིའི་ངག་ལ་“གང་”དང་“གངས་”གཉིས་ལས་ཡང་འཇུག་ས་ལྡན་ན་སྒྲ་ཤུགས་ཆེ་བར་དབྱུང་བ་དང་། ཡང་འཇུག་ས་མེད་ན་སྒྲ་ཤུགས་རན་པར་དབྱུང་བའི་ཚུལ་ལ་བསྟུན་ཅིང་། ཏུན་ཧོང་གཏེར་ཡིག་དང་ 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་》སོགས་ལ་ཡང་བསྟུན་ནས་གང་པར་ཞེས་བཀོལ་བའོ། །
མཆན་འགྲེལ།
[1] གསེར་ཆུ་ཨ་མ་ཞེས་ཀྱང་ཟེར། འདི་ནི་གནའ་བོའི་དུས་སུ་ཨེ་ཡུལ་ལ་ཨེ་ཆེ་ཆུང་གཉིས་སུ་དབྱེ་བའི་ཨེ་ཆུང་བའི་ས་ཁོངས་སུ་བཞུར་བའི་ཆུ་བོ་ཞིག་ཡིན་ཞིང་། སྤྱིར་ན་ཆུ་བོ་འདི་བཞུར་ཁུལ་དུ་བྱེ་མ་ལས་གསེར་གྱི་གཏེར་ཁ་ལེན་རྒྱུ་ཡོད་པའི་དབང་གིས་ཆུ་བོའི་མིང་ལ་གསེར་ཆུ་ཞེས་ཐོགས་པར་ཕལ་མོ་ཆེས་བཞེད་ལ། དོན་དུའང་གནའ་ནས་ད་ལྟའི་བར་ཆུ་བོའི་བཞུར་ཁུལ་དུ་གསེར་གཏེར་ལེན་མཁན་ཡོད།
[2] རྒྱན་ཐང་ཕུ་ཆུ་ཞེས་ཀྱང་འབྲི་ལ། ཁ་སྐད་དུ་རྒྱམ་ཐང་ཕུ་ཆུ་ཞེས་ཀྱང་ཟེར་བ་དང་། ཆུ་གསུམ་གྲོང་རྡལ་རྒྱུད་ལ་རྒྱ་རགས་ཕུ་ཆུ་དང་བྱང་བྲག་ཕུ་ཆུ་ཡང་ཟེར།
[3] གོང་པོ་ཁང་གསར་ཆུ་ཡང་ཟེར། དེང་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གོང་སྟོད་གྲོང་ཚོའི་གོང་པོ་སྟོད་སྨད་ཀྱི་རྒྱུད་དུ་བཞུར་གྱི་ཡོད། ཆུ་གཞུག་རྒྱལ་ཐང་ཕུ་ཆུར་འབབ་ཀྱི་ཡོད།
[4] མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་230
[5] སླེ་ལུང་བཞད་པའི་རྡོ་རྗེ། 《དམ་ཅན་བསྟན་སྲུང་གི་རྣམ་ཐར》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་276 -277
[6] མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་227-230
[7] གཉལ་ལྷ་སྦྱར་མ་ཡང་ཟེར།
[8] སླེ་ལུང་བཞད་པའི་རྡོ་རྗེ། 《དམ་ཅན་བསྟན་སྲུང་གི་རྣམ་ཐར》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་269-278
[9]《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་བཞུགས་སོ》[G] དཔེ་ཐུང་བྲིས་མ། 17b-18a དཔེ་ཆ་འདི་བཞིན་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་2017ལོར་དཔེ་སྐྲུན་ཞུས་པའི་《ཁུ་བྱུག་སྔོན་མོའི་སྒྲ་དབྱངས་》ཞེས་པའི་ནང་དུ་དབུ་ཅན་དུ་ཕབ་བཤུས་བརྒྱབ་པ་དང་བྲིས་མའི་པར་མ་གཉིས་ཀ་མཆིས། དབུ་ཅན་དུ་ཕབ་པར་དབྱེ་ལྷ་སྤྱི་གངས་ཞེས་མཆིས་ཀྱང་བྲིས་མ་ལ་ཞིབ་པར་བརྟགས་ཚེ་ཕྱི་གངས་རང་དུ་གསལ།
[10] དེང་གི་ཟངས་རི་རྫོང་རོང་གྲོང་རྡལ་ལོ་མ་གྲོང་ཚོའི་ཁོངས་སུ་ཡོད་ཅིང་། ད་ལྟའང་འབངས་བརྩིགས་ཞེས་པའི་མིང་མ་ཉམས་པར་ཡོད་ལ། མཁར་ཤུལ་དང་བཅས་པའང་མཇལ་རྒྱུ་ཡོད།
[11] ཞོགས་ལྷ་རྒྱུག་པོ་ཞེས་ཀྱང་ཟེར།
[12]《ཐུན་མོང་རྟེན་འབྲེལ་སྒྲིག་བྱེད་པའི། །ལྷ་རྣམས་མཉེས་བྱེད་བསངས་ཡིག་བཞུགས། །》[G] དཔེ་ཐུང་ཤིང་དཔར་མ། ཤོག་ངོས་23b
[13] རོང་ལྷ་རྒྱལ་མཚན་ནི་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》དང་དམངས་ཁྲོད་ངག་རྒྱུན་དུ། སྲིད་པའི་བདུད་གཡག་འཇིགས་སུ་རུང་བ་ཞིག་ཕྱག་ན་རྡོ་རྗེས་བསྒྲལ་རྗེས། དེའི་རྨིག་པ་ལས་བདུད་རོལ་པ་སྐྱ་གཅིག་བྱུང་། དེའི་སྐྱེ་བ་ཕྱི་མར་ད་ལྟའི་ཨེ་ཆུ་གསུམ་རྫོང་སྟོད་གཟིགས་ཤང་གི་སྟོད་གཟིགས་གྲོང་ཚོའི་རྫུན་ཡུལ་གྱི་ཁྱིམ་རྫུན་མཁར་གྱི་མ་ཕྱིར་བཟའ་བག་མས་སྲིན་པོ་དང་བཤོས་པས་སྲིན་བུ་མགོ་དགུར་སྐྱེས་པ་ཕྱག་ན་རྡོ་རྗེས་བཏུལ་རྗེས། མགོ་གཅིག་གིས་ཆོས་སྐྱོང་སྲུང་མར་ཁས་བླངས་པ་ལས་བྱུང་བ་སོགས་ཀྱི་ཤོད་སྲོལ་ཤིན་ཏུ་མང་། ད་ལྟའི་ཆར་ཨེ་ཡུལ་གྱི་ཡུལ་ལྷ་གཙོ་བོ་ཡིན། ལྷ་འདིའི་སྐུའི་ཆ་བྱད་སོགས་མཁྱེན་འདོད་ན་སེ་ར་དགོན་པའི་ད་ལྟའི་རྒན་གསོ་ཁང་སྟེ་སྔོན་གྱི་ཨེ་པ་ཁང་ཚན་ཞེས་པའི་ནང་དུ་ཉམས་ཞིབ་གནང་བར་ཕེབས་ན་མཁྱེན་ཐུབ།
[14] དབྱེ་ཆེ་ཆུང་གི་ཆགས་ཚུལ་ཇི་ལྟར་ཡིན་མིན་ནི་《བོད་ལྗོངས་ཞིབ་འཇུག་》 2020ལོའི་དེབ་གཉིས་པར་སྤེལ་བའི་ཁོ་བོའི་དཔྱད་རྩོམ་《དབྱེ་མོ་ཡུལ་བཞིའམ་དྲུག་ལ་ངོས་ཇི་ལྟར་འཛིན་ཚུལ་གྱི་དཔྱད་ཞིབ་》[J] ཅེས་པར་གཟིགས་པར་འཚལ།
[15] མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་246-247
[16] ཤཱཀྱ་རིན་ཆེན་སྡེ། 《ཡར་ཀླུང་ཇོ་བོའི་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་45
[17] དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་133
[18] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་162
[19] མིག་དམར་ཚེ་རིང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་114
[20]《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་18;
[21] [22] མཁས་པ་ལྡེའུ། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1997ལོ། ཤོག་ངོས་257; 285
[23] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་1888ལ། “ཡུལ་དཔོན། སྤྱི་ཁྱབ་སྲིད་འཛིན་ས་ཁུལ་སོ་སོའི་མངའ་འོག་ཏུ་གཏོགས་པའི་ཡུལ་སྡེ་ཁག་གི་རྫོང་དཔོན་ལྟ་བུ་ཞིག་སྟེ། 《ཏུན་ཧོང་གི་ལོ་རྒྱུས་ཡིག་ཆ་》ནང་གསལ་བའི་རྩེ་རྗེ་ཞེས་པ་དེ་ཡིན་”ཞེས་དང་། “ཡུལ་དཔོན་ཚན་པ་བཅུ་དྲུག བོད་ཀྱི་རུ་བཞི་ལ་ཡུལ་དཔོན་ཚན་པ་བཅུ་དྲུག་རེ་ཡོད་པ་ལ་ཟེར་”ཞེས་དང་། “གཡོ་རུའི་ཚན་པ་བཅུ་དྲུག་ནི། ༡ ང་རབ། ༢ གུང་པོ། ༣ གངས་བར། ༤ ཡར་མདའ། ༥ འཆིངས་ལུང། ༦ གྲོང་ང། ༧ རོག་པ།
༨ ལོ་རོ། ༩ བན་པ། ༡༠ གཏམ་ཤུལ། ༡༡ ཁོ་མཐིང། ༡༢ བྲག་ལུང། ༡༣ དོལ་གཞུང་གཉིས། ༡༤ གྲ་ལུང། ༡༥ ཁབ་སོ། ༡༦ ཡར་འབྲོག་རྣམ་གསུམ་བཅས་བཅུ་དྲུག་ཡིན་”ཞེས་གསལ།
[24] ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་420
[25]《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤོག་ངོས་26
[26] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་467
[27] ས་སྐྱ་ཨ་མེས། 《དུས་ཀྱི་འཁོར་ལོའི་ཟབ་རྒྱས་ཀྱི་དམ་པའི་ཆོས་བྱུང་ཚུལ་སོགས་བཞུགས》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་95
[28] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས་པའི་གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ལྔ་བརྒྱ་བཞི་བཅུ་པ་《ཕ་དམ་པ་དང་མ་གཅིག་ལབ་སྒྲོན་གྱི་རྣམ་ཐར་བཞུགས་སོ》[G] ཞེས་པའི་ཤོག་ངོས་167དུ། “ཡུལ་ལབ་ཕྱི་ཨེ་བའི་གངས་བར་ངམ་ཤོད་བྱ་བའི་སྨད་དུ། གྲོང་ཁྱེར་མཚོ་མེར་བྱ་བའི་རྗེ་བོ་”ཞེས་སོགས་གསལ་ལོ། །གང་པར་འདི་ནི་ད་ལྟའི་ཆུ་གསུམ་རྫོང་ལབ་གྲོང་རྡལ་གྲབ་སྨད་ས་གྲོང་ཚོའི་ཁོངས་སུ་ཡིན་ཞིང་། ཡར་ཀླུང་གཙང་པོ་དང་ཉེ་བའི་སར་ཡོད། གོང་གི་ལུང་ཚིག་ཏུ་བྱུང་བའི་མཚོ་མེར་ཞེས་པའང་གྲབ་སྨད་ལ་ཟེར་བར་སྣང་སྟེ། ད་ལྟའི་ཁ་སྐད་དུ་གྲོང་ཚོ་དེར་“གྲོ་སྨད་”ལྟ་བུའི་སྒྲ་དབྱུང་བས་སྒྲ་དབྱུང་སྟངས་ཉེ་བར་སྣང་བས་སོ། །ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་ནས་བསྒྲིགས་ཤིང་། མི་རིགས་དཔེ་སྐྲུན་ཁང་ནས་2016ལོར་དཔར་སྐྲུན་གནང་བའི་《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》[Z] ཡི་ཤོག་ངོས་110རུ་ལབ་གྲོང་རྡལ་ལ་ནོར་བུ་ས་གྲོང་རྡལ་ཞེས་བྲིས་པ་ནི་འབྲི་ཚུལ་གསར་པའོ། །
[29] གང་པར་ཞེས་པའི་ས་ཆ་འདི་ཉིད་ཨེ་ཡུལ་གྱི་སྲུང་མ་རོང་ལྷ་རྒྱལ་མཚན་འཁྲུངས་ཡུལ་ཡིན་སྐད་པའི་རྫུན་ཡུལ་དང་ཐག་ཉེ་བ་དང་། པ་ཎི་(པ་ཎི་དང་པ་ནི་གཉིས་ཀ་འབྲི)གྲོང་ཚོའི་ཕྱག་རྡོར་རི་དང་ཉེ་ཞིང་། གསང་བའི་བདག་པོས་བདུད་བཙན་རོང་ལྷ་རྒྱལ་མཚན་བཏུལ་བར་གྲགས་པ་སོགས་ལ་བརྟགས་ཚེ། གནས་འདི་གལ་ཆེའི་ས་ཆ་ཞིག་ཡིན་པར་སྣང་མོད། ས་ཡུལ་དངོས་ལས་གྲགས་ཆེ་བའི་གནའ་ཤུལ་རྙིང་པའམ་དགོན་རྙིང་གི་ཤུལ་སོགས་རྙེད་དུ་མེད་པས། ལྟེ་བའི་གང་པར་མིན་པར་སེམས།
[30] ད་ལྟའི་ཆུ་གསུམ་རྫོང་གྲོང་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་བདུན་ཙམ་བསྐྱོད་པའི་སར་ཡོད། ཆུ་མཁར་གྲོང་ཚོའི་ལུང་ཤུར་དེ་རྒྱུད་དུ་ཆུ་ཕྲན་ཞིག་བཞུར་འོང་བའི་སྨད་རྒྱུད་དུའོ། །ཆུ་ཕྲན་དེར་ཡུལ་མིས་ཟེན་མཁར་ཆུའམ་སེར་ཁ་ཕུ་ཆུ་ཞེས་ཟེར།
[31] རྣམ་པར་སྣང་མཛད་དང་། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་བཅས་ལྔ་ལ་རྒྱལ་བ་རིགས་ལྔ་ཞེས་དང་། འོག་མིན་དུ་སངས་རྒྱས་པའི་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་གང་ཡིན་པའམ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་སྣང་མཛད་ཡིན་པར་གསུངས། མདོ་སྔགས་གཉིས་ལས་སྔགས་ཕྱོགས་ཀྱི་རྟེན་གལ་ཆེར་བརྩི་ཞིང་། སྤུ་རྒྱལ་བཙན་པོའི་སྐབས་སུ་བཞེངས་པའི་ལྷ་ཁང་ཕལ་ཆེ་བའི་རྟེན་གཙོར་བྱུང་།
[32] ཤཱཀྱ་རིན་ཆེན་སྡེ། 《ཡར་ཀླུང་ཇོ་བོའི་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་108
[33]འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》(སྟོད་ཆ) [M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ལྔ་བརྒྱ་བཅུ་དྲུག་པ། ཤོག་ངོས་257
[34] དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། ཤོག་ངོས་717
[35] གང་པར་ལ་གོང་པར་ཞེས་བྲིས་པ་ནི་ཡུལ་མིའི་ངག་འགྲོས་ལ་བསྟུན་ནས་བྲིས་སམ་ཡང་ན་གང་པར་དང་གོང་པོ་སྟོད་སྨད་དབར་ས་ཐག་ཉེ་བས་ཡིན་ནམ། ཡང་ན་མ་ཡིག་ཕབ་བཤུས་ཀྱི་སྐབས་སུ་ནོར་རམ་ཅི་བརྟག
[36]《ཕུང་པོ་གཟན་སྐྱུར་གྱི་རྣམ་བཤད་གཅོད་ཀྱི་དོན་གསལ་བྱེད་བཞུགས་སོ》[G] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ཞེ་ལྔ་པ། ཤོག་ངོས་21-22
[37] དེང་ཆུ་གསུམ་གྲོང་ཚོ་ཞེས་ཟེར།
[38] མངའ་བདག་རྒྱ་རི་བའམ་སྡེ་པ་ལྷ་རྒྱ་རི་བའི་ཕོ་བྲང་གི་མིང་། ཕག་མོ་གྲུ་པའི་སྐབས་བཙན་པོ་དར་མའི་སྲས་གནམ་ལྡེ་འོད་སྲུང་ལས་མཆེད་པ་བཙད་པོ་ཚ་བ་རོང་པས་མུ་མཐུད་ཕོ་བྲང་འབངས་བརྩིགས་བཟུང་ནས་ཨེ་ཆེ་ཆུང་ལ་དབང་བསྒྱུར་བ་དང་། དེའི་རྒྱུད་པ་ནང་སོ་མདའ་སྨད་པས་དེང་གི་ཆུ་གསུམ་རྫོང་མཆུ་མདོ་རྒྱང་ཤང་སེར་འོག་གྲོང་ཚོའི་རྒྱ་རི་ཞེས་པའི་ས་ཆར་ཕོ་བྲང་བརྩིགས་ཤིང་། ཕྱིས་ལྷ་དགྲ་ལས་རྣམ་རྒྱལ་གྱིས་ཆབ་སྲིད་ལྟེ་གནས་ད་ལྟའི་ཕོ་བྲང་གི་གནས་ཡུལ་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱི་ལྷ་རྒྱ་རི་གྲོང་ཚོའི་ཁུལ་དེར་སྤོས་པའོ། །
[39] མིག་དམར་ཚེ་རིང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་114
[40] ཏུན་ཧོང་ཡི་གེའི་མ་ཡིག་པར་མ་ལ་གང་པར་འཕྲུན་ཞེས་གསལ་བར་མཆིས་ལ། 1980ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》དང་། རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》སོགས་ཏུན་ཧོང་གཏེར་ཡིག་ཕབ་བཤུས་བགྱིས་པའི་དཔེ་ཆ་རྣམས་སུ་ཡང་གང་པར་འཕྲུན་ཞེས་པ་འབའ་ཞིག་གསལ།
[41]《དཔལ་ལྡན་ས་སྐྱའི་གསུང་རབ། སུམ་རྟགས་དང་དག་ཡིག》[G] པེ་ཅིན་དང་ཟི་ལིང་། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་318
[42] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད་ཆེན་མོ》[Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་1904
[43] དོ་རྒྱ་དབང་དྲག་རྡོ་རྗེ། 《བོད་ཀྱི་བཤད་གྲྭ་ཆེན་མོ་གསང་ཕུ་ནེའུ་ཐོག་གི་བྱུང་བ་དང་ད་ལྟའི་གནས་བབ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་66